སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་བརྙན་ལམ་བརྒྱུད་སྐབས་གསུམ་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ།
སྤེལ་དུས། 2016-11-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན་གྱིས་བསྒྱུར།
          ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་སྔ་དྲོ་སྐབས་གསུམ་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཀྲེ་ཅང་ཞིང་ཆེན་ཝུའུ་ཀྲེན་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་བརྒྱུད་གསུང་བཤད་གནང་སྐབས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་གནང་བ་དང་ཁོང་མི་སྒེར་གྱི་མིང་ཐོག་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སྐུ་མགྲོན་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། དེ་བཞིན་ཚང་མས་བློ་སྡུད་དགེ་འཚོལ་དང་། ངོས་འཛིན་གཅིག་མཐུན་མང་དུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དྲ་སྦྲེལ་གྱིས་མིའི་རིགས་ལ་བདེ་སྐྱིད་སྔར་ལས་ཆེ་བ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་དྲ་སྦྲེལ་ནི་ང་ཚོའི་དུས་རབས་དེའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་ཁྱབ་ཁོངས་ཤིག་ཡིན། དྲ་སྦྲེལ་འཕེལ་རྒྱས་མྱུར་པོ་སོང་ནས་མིའི་རིགས་ཀྱི་ཐོན་སྐྱེད་ལ་འགྱུར་ལྡོག་གཏིང་ཟབ་པོ་བྱུང་ཡོད་ལ་མིའི་རིགས་ལ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་རབ་དང་རིམ་པའང་འཕྲད་ཡོད། དྲ་སྦྲེལ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་མཚམས་མེད་པ་དང་མཐའ་མཚམས་མེད་པ་ཞིག་ཡིན། དྲ་སྦྲེལ་བེད་སྤྱོད་ཡག་པོ་དང་། འཕེལ་རྒྱས་ཡག་པོ། བཅོས་སྐྱོང་ཡག་པོ་བཅས་བྱེད་དགོས་ན་ངེས་པར་དུ་དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་སྤེལ་ཏེ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ཐུན་མོང་ལས་དབང་འདུས་གྲུབ་ཅིག་གཏོད་དགོས་ཞེས་བསྟན་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་བདེ་སྐྱིད་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་དྲ་རྒྱའི་བདག་དབང་འདུ་ཤེས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་ལས་དོན་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ་དྲ་རྒྱའི་བར་མཐོངས་སུ་འདྲ་མཉམ་བརྩི་འཇོག་དང་། གསར་གཏོད་འཕེལ་རྒྱས། སྒོ་དབྱེ་མཉམ་སྤྱོད། བདེ་འཇགས་དང་གོ་རིམ་ལྡན་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཀྱང་ཡོད་ཅེས་ནན་བཤད་གནང་བ་རེད།
          ལིའུ་ཡུན་ཧྲན་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
          སྐབས་གསུམ་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཟླ་11ཚེས་16ནས་ཚེས་18ཉིན་བར་འཚོག་རྒྱུ་དང་བརྗོད་དོན་གཙོ་བོ་ནི“གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བཏང་སྟེ་མིའི་རིགས་ལ་བདེ་སྐྱིད་སྐྲུན། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ཐུན་མོང་ལས་དབང་འདུས་གྲུབ་གཏོད”ཅེས་པ་དེ་རེད། གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ་110ལྷག་ཙམ་ནས་ཕེབས་པའི་སྲིད་གཞུང་གི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། དྲ་སྦྲེལ་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ། དྲ་སྦྲེལ་གྱི་གྲགས་ཅན་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་སྐུ་མགྲོན་1600ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716