སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཀྲུའུ་ཏེ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2016-11-30   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།

ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ། ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

          ཟླ་11ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བློ་མཐུན་ཀྲུའུ་ཏེ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞིས་ཅིན་ཕིང་དང་། ལི་ཁེ་ཆང། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ།

          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཀྲུའུ་ཏེ་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་གསར་བརྗེ་པ་རྒན་རབས་དང་གསར་བརྗེའི་སྔོན་བྱོན་པ་ཁྲི་སྟོང་མང་པོས་ཚེ་གང་རིང་འབད་འཐབ་བརྩོན་གཉེར་གནང་བའི་དམིགས་ཚད་ཅིག་ཡིན་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བློ་སེམས་གཅིག་མཐུན་དང་། ཡར་རྒྱས་ཧུར་ལེན། འབད་འབུངས་སྟོབས་བརྩོན་བཅས་བྱས་ནས་གསར་བརྗེའི་སྔོན་བྱོན་པས་བཏོད་པའི་རླབས་ཆེའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་དེ་བས་འོད་སྟོང་འཕྲོ་ཞིང་གཟི་བྱིན་འབར་བའི་འབྱུང་འགྱུར་གཏོད་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

          ཞིས་ཅིན་ཕིང་གིས་གསུང་བཤད་ནང་། བློ་མཐུན་ཀྲུའུ་ཏེས་ལོ་ངོ་70ཙམ་གྱིས་གསར་བརྗེའི་ལས་དོན་ནང་ཀྲུང་གོའི་གསར་བརྗེ་ལེགས་གྲུབ་ཡོང་ཆེད་དང་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་ཆེད་མཛད་རྗེས་རླབས་པོ་ཆེ་བཞག་གནང་བ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་པས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་དགའ་ཞེན་དང་བརྩི་བཀུར་ཆེན་པོ་ཐོབ་ཡོད།

          བློ་མཐུན་ཀྲུའུ་ཏེས་སྐུ་ཚེ་ཧྲིལ་པོ་འབད་འཐབ་ལྷོད་མེད་གནང་རིང་མངོན་པའི་བསམ་བློ་ཀུན་སྤྱོད་དང་བསམ་པའི་ཉམས་འགྱུར་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཞེས་བསྟན་གནང་བ་རེད།

          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཀྲུའུ་ཏེར་དྲན་གསོ་ཞུ་བར་ཁོང་གི་བདེན་དོན་བརྩོན་གཉེར་དང་ཐོག་མའི་བསམ་འདུན་མ་བརྗེད་པའི་འགྱུར་མེད་ཀྱི་དད་སེམས་ལ་སློབ་སྦྱོང་ཞུ་དགོས། མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་གུས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་དང་གུང་ཁྲན་ཏང་མིས་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པའི་བསམ་པའི་ཀ་རྟེན་ཡིན། ཕུགས་བསམ་གྱི་དད་སེམས་བརྟན་པོ་ཡོད་པའི་སྐྱེ་བོ་ཞིག་ཡིན་ན་གཞི་ནས་རྒྱུན་འཁྱོངས་ལྷོད་མེད་དང་དཔའ་ངར་ཞུམ་མེད་བྱེད་ཐུབ་པ་དང་། དཀའ་ཚེགས་ཇི་འདྲ་ཆེ་རུང་དེ་ལས་རྣམ་པར་རྒྱལ་ཏེ་གཏན་ལ་འཁེལ་བའི་དམིགས་ཚད་གྲུབ་ཆེད་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།

          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཀྲུའུ་ཏེར་དྲན་གསོ་ཞུ་བར་ཁོང་གི་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་དང་སྲ་ཞིང་བརྟན་པའི་ཏང་གཤིས་ལ་སློབ་སྦྱོང་ཞུ་དགོས། ཏང་གཤིས་ནི་ཏང་ཡོན་དང་ལས་བྱེད་པ་རང་ལུས་ཚུགས་ཐུབ་པ་དང་། བྱ་གཞག་ཚུགས་ཐུབ་པ། གཏམ་ཚུགས་ཐུབ་པ། ཀུན་སྤྱོད་ཚུགས་ཐུབ་པ་བཅས་ཀྱི་རྨང་རྡོ་ལྟ་བུ་ཞིག་ཡིན། དེས་སྐྱེ་བོ་ཞིག་གི་ལུས་ཐོག་ནས་གང་ཞིག་ཀུན་སྤྱོད་ཡིན་པ་དང་ཏང་ཡོན་ཞིག་གི་ལུས་ཐོག་ནས་གང་ཞིག་ཏང་གཤིས་ཡིན་པ་ཐག་གཅོད་ཐུབ། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་རང་ཉིད་གུང་ཁྲན་ཏང་ཡོན་ཡིན་པ་བློ་ལ་བརྟན་པོ་བཅངས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་དང་བློ་སེམས་གཅིག་མཐུན་བྱེད་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། ཏང་གི་སེམས་ཁྲལ་སེལ་བ། ཏང་གི་འགན་འཁྲི་འཁུར་བ། ཏང་གི་འགན་འཁྲི་སྒྲུབ་པ་བཅས་བྱས་ནས་ཏང་གིས་སྤྲད་པའི་འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན་གནང་བ་རེད།

          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཀྲུའུ་ཏེར་དྲན་གསོ་ཞུ་བར་ཁོང་གི་དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་བསམ་བློ་དང་བྱ་ཐབས་ལ་སློབ་སྦྱོང་ཞུ་དགོས། དངོས་ཐོག་བདེན་འཚོལ་ནི་མར་ཁེ་སི་རིང་ལུགས་ཀྱི་སྙིང་བཅུད་དང་ང་ཚོ་གུང་ཁྲན་ཏང་མིའི་བསམ་བློ་དང་བྱ་ཐབས་གལ་ཆེན་ཞིག་ཡིན། སྔོན་མ་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་དངོས་ཐོག་བདེན་འཚོལ་ལས་བྱུང་བ་ཞིག་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་སྔར་བཞིན་དངོས་ཐོག་བདེན་འཚོལ་ལ་བརྟེན་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་ཡར་བརྩོན་བཅས་མཐའ་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་པ་ཡོད་པའི་ལས་ཀ་ཡིན་ཕྱིན་མཐའ་གཅིག་ཏུ་སྒྲུབ་པ་དང་། ཧུར་བརྩོན་ཆེན་པོས་སྒྲུབ་པ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྒྲུབ་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གནོད་པའི་ལས་ཀ་ཡིན་ཕྱིན་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་། སྒྱུར་བཅོས་མཐིལ་ཕྱིན་པ་བྱེད་པ། སྒྱུར་བཅོས་ནར་འགྱངས་གཏན་ནས་མི་བྱེད་པའི་སྒོ་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཡུལ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཀྲུའུ་ཏེར་དྲན་གསོ་ཞུ་བར་ཁོང་གི་སེམས་པ་མང་ཚོགས་ལ་བཅངས་པ་དང་དཀའ་སྤྱད་བབ་ཆགས་ཀྱི་སྤྱི་ཞབས་པའི་དུང་སེམས་ལ་སློབ་སྦྱོང་ཞུ་དགོས། ཏང་གིས་མི་དམངས་དང་མཉམ་དུ་བདེ་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱ་རྒྱུ་ནི་ཏང་གིས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་བྱེད་པའི་རྩ་བའི་འགན་ལེན་ཡིན་པ་དང་། མི་དམངས་དང་གཅིག་ཏུ་འདྲེས་པ་བྱ་རྒྱུ་ནི་ང་ཚོས་ནམ་ཡང་དཀའ་སྤྱད་བབ་ཆགས་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པའི་འགན་ལེན་གལ་ཆེན་ཡིན། ང་ཚོའི་ལས་ཀ་དང་ཐབས་ཇུས་རྣམས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་རྩ་བར་འཛིན་པ་དང་མི་དམངས་ཀྱི་རེ་སྒུག་བསམ་བློ་གཏོང་གཞིར་བྱས་ཏེ་དམངས་ཀྱི་གནས་ཚུལ་ཤེས་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་འཁང་ར་ཞི་རུ་འཇུག་པ། དམངས་སེམས་དྲོ་རུ་འཇུག་པ་བཅས་བྱེད་ཐུབ་པ་དང་། མི་དམངས་བློ་ཡིད་ཚིམ་པའི་བྱ་བཟང་དང་དོན་དངོས་མང་ཙམ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་བསམ་པ། གསར་གཏོད་བསམ་པ་བཅས་འཕེལ་བ་བྱས་ཏེ་རང་རེའི་ཏང་ལ་ཐོག་མཐའ་བར་གསུམ་དུ་འཛད་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།

          ཞིས་ཅིན་ཕིང་གིས་ང་ཚོས་བློ་མཐུན་ཀྲུའུ་ཏེར་དྲན་གསོ་ཞུ་བར་ཁོང་གི་ཚེ་གང་རིང་སློབ་སྦྱོང་དང་ཡར་བརྩོན་གྱི་འབད་འཐབ་སྙིང་སྟོབས་ལ་སློབ་སྦྱོང་ཞུ་དགོས། རང་རེའི་ཏང་གིས་སྔར་ནས་བཟུང་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད། མིག་སྔའི་འགྱུར་ལྡོག་ཆེ་བའི་དུས་བབ་འོག་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་པ་དང་ཡར་བརྩོན་མ་བྱས་ནས་རྗེས་ལུས་ཐེབས་ཀྱི་ཡོད། ཏང་ཡོངས་ཀྱིས་རང་རྒྱལ་འཕེལ་རྒྱས་ཕྱིན་རྗེས་ཀྱི་ཟམ་མི་ཆད་པར་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ངོས་འཛིན་ཡང་དག་དང་ཐག་གཅོད་འོས་འཚམ་བྱས་ཏེ། ང་ཚོ་རང་ཉིད་ཀྱི་འཇོན་ཐང་མུ་མཐུད་ཆེ་རུ་གཏོང་དགོས་པ་དང་སྦྱངས་པ་གོ་ཆོད་བྱེད་དགོས་ལ། ལག་ལེན་ཁྲོད་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་གསར་པ་འཕེལ་བའི་སྒོ་ནས་ཤེས་སྤྱོད་ཟུང་འབྲེལ་བྱེད་ཐུབ་པ་བྱས་ཏེ། ལས་ཀའི་ཚན་རིག་རང་བཞིན་དང་། སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་བཏང་སྟེ། ཤེས་བྱ་ཆུང་ན་འཕྲུལ། ཤེས་བྱ་དམན་ན་རྨོངས། ཤེས་བྱ་མེད་ན་འཁྲུག་པ་བཅས་ཀྱི་དཀའ་གནད་མ་འཕྲད་པ་བྱེད་དགོས། ང་ཚོས་སློབ་སྦྱོང་བྱས་པ་བརྒྱུད་ད་བར་འགྲོ་ཐུབ་པ་བྱུང་བས་ངེས་པར་དུ་སློབ་སྦྱོང་བྱས་ཏེ་མུ་མཐུད་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716