སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་སུ་ཞུགས་རྒྱུ་རེད།
སྤེལ་དུས། 2017-01-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།
ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པར་བརྡ་གཏོང་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་པ།
          ཟླ་1པོའི་ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་1པོའི་ཚེས་11ཉིན། ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པར་བརྡ་གཏོང་ཚོགས་འདུ་བསྡུས་ཤིང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་པའོ་ཏུང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་མི་འགྱངས་བར་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུ་དང་།“ འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་སུ་ཞུགས་རྒྱུ་མ་ཟད་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་གནང་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན།
          དང་པོ། སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་པའི་སྐོར།
          ལི་པའོ་ཏུང་གིས། ཀྲུའུ་ཞི་ཞིས་ཅིན་ཕིང་སྤྱི་ཟླ་1པོའི་ཚེས་15ཉིན་ནས་ཚེས་18ཉིན་རིང་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་ཏེ“ འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་སུ་ཞུགས་རྒྱུ་མ་ཟད་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་གནང་རྒྱུ་རེད། འདི་ནི་2017ལོའི་རང་རྒྱལ་གྱི་ཕྱི་འབྲེལ་ཀྱི་དབུ་ཁྱུད་ལྟ་བུ་ཡིན་པས། ད་རེས་ཀྱི་འཚམས་འདྲི་འདི་ནི་དུས་རབས་གསར་པ་ཚུགས་ཚུན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་ཐེངས་ཐོག་མ་ཆགས་ཡོད་པ་རེད། འཚམས་འདྲིའི་རིང་། ཀྲུའུ་ཞི་ཞིས་ཅིན་ཕིང་་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་ལའོ་ཡེ་ཐུ་ཧྭ་རྡུ་དང་དེ་བཞིན་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་སྤེལ་བའི་ཕེབས་བསུའི་མཛད་སྒོ་དང་། གྲོས་མོལ་དངོས། མིང་རྟགས་འགོད་པའི་མཛད་སྒོ གསར་འགོད་པར་མཇལ་འཕྲད་གནང་བ་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུ་མ་ཟད།  རྒྱལ་ཕྲན་མཉམ་འབྲེལ་ཀྱི་གྲོས་ཚོགས་ཁང་གཉིས་ཀྱི་གྲོས་དཔོན་ལ་མཇལ་འཛོམས་གནང་རྒྱུ། དེ་མིན་གཞན་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་ལའོ་ཡེ་ཐུ་ཧྭ་རྡུ་དང་ཐུན་མོང་ཐོག་སུའེ་ཙེར་གྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་དང་མཇལ་འཕྲད་གནང་རྒྱུ་རེད། ཕྱོགས་གཉིས་ནས་ཕྱོགས་གཉིས་ཀའི་འབྲེལ་བ་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་བགྲོད་ལམ། ཕྱི་ནང་གི་སྲིད་ཇུས་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་ཀྱིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཐོག  རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཕྱིས་འབྱུང་འཕེལ་རྒྱས་ཐད་འཆར་གཞི་གསར་པ་འགོད་རྒྱུ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་བདེན་དཔང་འོག་ཕྱོགས་གཉིས་ནས་མཉམ་ལས་གྲོས་མཐུན་མང་པོར་མིང་རྟགས་འགོད་རྒྱུ་དང་། ཆབ་སྲིད་དང་། རང་མོས་ཚོང་དོན། རིག་གནས། འགག་སྒོ ནུས་ཁུངས། མཉམ་ལས་འཕེལ་རྒྱས། ལུས་རྩལ་ལ་སོགས་ཕྱོགས་མང་པོར་ཁྱབ་ཡོད་པ་རེད། 
          ལི་པའོ་ཏུང་གིས། སུའེ་ཙེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་ལེན་མཁན་སྔ་ཤོས་ཡིན་པ་མ་ཟད་ཀྲུང་གོ་གསར་པ་དང་འབྲེལ་ལམ་འཛུགས་མཁན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཀྱི་གཅིག་ཡིན་ཏེ། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་ལམ་ནི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། མིག་སྔའི་དུས་བབ་གསར་པའི་འོག  ཀྲུང་གོ་དང་སུའེ་ཙེར་གྱིས་འབྲེལ་ལམ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་འཕྲད་བཞིན་ཡོད་དེ། རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་ཐད་མཐུན་ལམ་དང་ཐུན་མོང་། ཕན་ཚུན་ཁ་གསབ་སོགས་ཕྱོགས་མཚུངས་ཀྱི་ཆ་ཡོད་པ་དང་། དེས་ནི་ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ནས་གསར་གཏོད་མཉམ་ལས་བྱེད་ཐད་མདུན་ལྗོངས་ཁོད་ཡངས་བསྐྲུན་ཡོད་པ་རེད། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་གསར་གཏོད་དང་། རང་མོས་ཚོང་དོན་། འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱིས་གཉིས་ཕན་མཉམ་རྒྱལ་དང་། རྒྱལ་ཁབ་གཉིས་ཀ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་མངོན་འགྱུར་བྱེད་ཐུབ་པ་མ་ཟད། རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་ཆབ་སྲིད་ཀྱི་བརྡ་རྟགས་ལེགས་པོ་གཏོང་ཐུབ། དེས་ནི་ཀྲུང་གོ་དང་སུའེ་ཙེར་གྱིས་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་། སྒོ་འབྱེད་སྲུང་སྐྱོང་། བློ་རྒྱ་ཡངས་པའི་གོ་ལ་ཧྲིལ་པོའི་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་པར་ནུས་ཤུགས་བཏོན་ནས། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་དེ་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་ཀྱིན་པ་མཚོན་ཡོད། ད་རེས་ཀྱི་འཚམས་འདྲི་བརྒྱུད་ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སྐུལ་འདེད་གཏོང་བཏང་སྟེ། དུས་སྐབས་གསར་བའི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་་ཐད་སྒུལ་ཤུགས་དེ་བས་མང་པོ་གསོག་འཇོག་བྱེད་རྒྱུ་མ་ཟད། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་དང་འཛམ་གླིང་ཞི་བདེ། བརྟན་བརླིང་། འཕེལ་རྒྱས་གཏོང་རྒྱུར་ནུས་པ་གསར་པར་ཐོན་པར་སྐུལ་འདེད་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་བྱུང་།
          གཉིས་པ། “ འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་སུ་ཞུགས་པའི་སྐོར།
          ལི་པའོ་ཏུང་གིས། ཀྲུའུ་ཞི་ཞིས་ཅིན་ཕིང་སྤྱི་ཟླ་1པོའི་ཚེས་17ཉིན་སུའེ་ཙེར་གྱི་ཏ་ཝོ་སི་རུ་འཚོགས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་སུ་ཞུགས་རྒྱུ་ཡིན་ལ། ད་རེས་ལོ་ཚོགས་ཀྱི་བརྗོད་གཞི་ནི“ འགོ་ཁྲིད་ཀྱི་ནུས་པ་སྟེ། བབ་བསྟུན་སྒོས་ཐབས་ཇུས་འདོན་པ་དང་། འགན་འཁྲི་ཁུར་དུ་ལེན་ཕོད་པ" ཞེས་པ་དེ་ཡིན་ལ། ཚོགས་འདུའི་རིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གླེང་སྟེགས་ལོ་ཚོགས་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་རྒྱུ་དང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་དང་དེ་བཞིན་ཚོགས་ཞུགས་སྐུ་མགྲོན་རྣམས་དང་བསམ་ཕྱོགས་བརྗེ་རེས་གནང་རྒྱུ་རེད།འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ལོ་ཚོགས་ནང་ཞུགས་ཐེངས་ཐོག་མ་དེ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་རྩོད་གལ་ཆེན་གདོང་གིས་བསུས་ཏེ།  འཛམ་གླིང་གི་དཔལ་འབྱོར་བདེ་ལེགས་བརྟན་བརླིང་ངང་ འཕེལ་རྒྱས་གཏོང་པ་སོགས་ཐད་བསམ་ཕྱོགས་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་གནང་འདོད་ཡོད་ཅེས་བསྟན་བྱུང་།
          ལི་པའོ་ཏུང་གིས། མིག་སྔར། འཛམ་གླིང་གི་དཔལ་འབྱོར་ནི་གསར་རྙིང་འཕེལ་རྒྱུས་ཀྱི་སྒུལ་ནུས་བརྗེ་སྤོར་བྱེད་པའི་གནད་འགག་གི་དུས་རིམ་དུ་གནས་ཡོད་པ་དང་། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ཐད་ལྡོག་ཕྱོགས་ཀྱི་རྐྱེན་ངན་འཕྲད་ཡོད་ལ།  ཚན་རྩལ་གསར་བརྗེའི་སྐོར་རིམ་གསར་པ་སྔར་བཞིན་བཙོ་སྦྱངས་བྱེད་པའི་སྐབས་སུ་གནས་ཡོད་དེ། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་ཉེན་ཁ་ཕན་ཚུན་བསྣོལ་མར་གནས་ཡོད་པ། ཆབ་སྲིད་ཀྱི་ངེས་གཏན་མིན་པའི་རང་བཞིན་ཆེ་རུ་འགྲོ་བཞིན་དེས་འཛམ་གླིང་དཔལ་འབྱོར་གྱི་མདུན་ལམ་ལ་སྔར་བས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། རྒྱབ་ལྗོངས་དེ་འདྲའི་འོག  ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུར་ཕེབས་པར་ཕྱོགས་སོ་སོ་ནས་དོ་ཁུར་ཚད་མེད་གནང་གི་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་ནས་གཤམ་གསལ་གྲུབ་འབྲས་ཁག་ལོན་པར་རེ་སྒུག་བྱེད་ཀྱི་ཡོད་དེ། གཅིག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་གནད་དོན་ལ་དོ་ཁུར་བྱེད་པར་དམིགས་ནས། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་བསམ་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་པ་བརྒྱུད། ཧུར་ཐག་སྒོས་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ནི་སྔར་བས་ཁོད་ཡངས་ཤིང་ཀུན་ལ་ཕན་ཐོག་པའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱེད་པ།  གཉིས་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དཀའ་གནད་གཙོ་བོ་དབྱེ་ཞིབ་དང་སྔོག་འདོན་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་ལས་སྒྲོལ་པའི་ཁ་ཕྱོགས་དང་ལམ་བུ་བཙལ་ཐོག  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཡིད་ཆེས་མཐོ་རུ་གཏོང་དགོས། གསུམ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་དཔལ་འབྱོར་ཀྱི་གནད་གཙོ་བོར་དོ་ཁུར་བྱེད་ཀྱིན་པ་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་རྒྱས་བཤད་བྱེད་པ། མིག་སྔའི་ཀྲུང་གོའི་དཔལ་འབྱོར་གྱི་དུས་བབ་དང་སྲིད་ཇུས་ཀྱི་བྱེད་ཐབས་ངོ་སྤྲོད་བྱས་ཏེ། ཕྱོགས་སོ་སོས་ཀྲུང་གོའི་དཔལ་འབྱོར་ལ་ངོས་ཟིན་དང་རྒྱུས་ལོན་གཏིང་ཟབ་ལོན་པར་སྐུལ་འདེད་བྱེད་པ། བཞི་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྤེལ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་པ་བཅས་སོ།
          གསུམ་པ། སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་གནང་པའི་སྐོར།
          ལི་པའོ་ཏུང་གིས།  ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཟླ་1པོའི་ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བཅས་སུ་འཚམས་འདྲི་གནང་རྒྱུ་ཡིན་ལ། ཀྲུའུ་ཞི་ཞིས་ཅིན་ཕིང་ནི་ལོ་རྒྱུས་སྟེང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་འཚམས་འདྲིར་ཕེབས་མཁན་ཀྲུང་གོའི་ཆེས་མཐོའི་འགོ་ཁྲིད་ཐོག་མ་དེ་ཆགས་ཡོད་པ་རེད། ད་རེས་ཀྱི་འཚམས་འདྲིས་ཀྲུང་གོའི་འགོ་ཁྲིད་པས་ཕྱོགས་མང་རིང་ལུགས་ལ་མཐོང་ཆེན་གནང་བཞིན་པ་གསལ་བོར་མངོན་ཡོད་ཅིང་། དེས་ནི་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཉམ་ལས་ལོ་རྒྱུས་ཐོག་བག་ཆགས་གཏིང་ཟབ་བཞག་ཡོད་པ་རེད་། འཚམས་འདྲིའི་རིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་སྤྱི་ཁྱབ་པུའུ་རུ་གཙོ་དོན་གཏམ་བཤད་གནང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ལ་མཇལ་འཛོམས་གནང་རྒྱུ་མ་ཟད།  ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“ རྒྱུད་གཅིག་ལམ་གཅིག” འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་་ཀྱི་གྲོས་མཐུན་སོགས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་རྒྱུ་རེད་ཅེས་བསྟན་བྱུང་།
          ལི་པའོ་ཏུང་གིས། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འབྲེལ་ལམ་ཉིན་རེ་བཞིན་ཇེ་དམ་དང་། གཅིག་ལ་གཅིག་བསྟེན་གྱི་ལམ་ནས་ངའི་ཁྲོད་ཁྱོད་ཡོད་པའི་ལས་དབང་དང་ཁེ་ཕན་ཐུན་མོང་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་དང་། དུས་མཚུངས་སུ། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་རེས་ཀྱི་འཚམས་འདྲི་བརྒྱུད་འབྲེལ་ཡོད་ཕྱོགས་སོ་སོ་དང་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་རྒྱག་པ། རྒྱལ་སྤྱིའི་འཕྲོད་བསྟེན་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཐུན་མོང་ཐོག་ཁ་གཏོད་པ་སོགས་གལ་ཆེའི་གནད་དོན་ཐད་བསམ་ཕྱོགས་བརྗེ་རེས་གཏིང་ཟབ་བྱས་ཐོག ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ད་རེས་ཀྱི་འཚམས་འདྲི་ལས་གཤམ་གྱི་གྲུབ་འབྲས་ཁག་ལོན་པར་རེ་སྒུག་བྱས་ཡོད་དེ།           གཅིག་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་སྤྱི་ཁྱབ་པུའུ་ནས་མིའི་རིགས་ཀྱི་ལས་དབང་མཉམ་འདུས་ཀྱི་བསམ་ཕྱོགས་ཁྱོན་ཡོངས་ནས་རྒྱས་བཤད་གནང་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བའི་གནད་དོན་གལ་ཆེན་ཐད་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་འཆར་འགོད་འདོན་རྒྱུ། གཉིས་ནི་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ཀྱི་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུ་དང་། ཕྱོགས་གཉིས་ཀའི་མཉམ་ལས་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཀྲུང་གོས་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་བརྟན་སྲུང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་བརྟན་སྲུང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་ཡོང་པར་སྐུལ་འདེད་གཏོང་པའི་བསམ་ཕྱོགས་བརྒྱུད་སྤྲོད་བྱེད་པ། གསུམ་ནི “ རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“ རྒྱུད་གཅིག་ལམ་གཅིག” གི་མཉམ་ལས་་རྣམ་གྲངས་དོན་འཁྱོལ་ཡོང་རྒྱུ་དང་། མཉམ་ལས་ཐད་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་པ། མཉམ་ལས་ཀྱི་གནད་གསར་པ་གཏོད་པར་སྐུལ་འདེད་གཏོང་པ། བཞི་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ད་རེས་ཀྱི་འཚམས་འདྲིས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཉམ་ལས་་དུས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716