སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་༣༩པ་གཙོ་སྐྱོང་གནང་བ།
སྤེལ་དུས། 2017-02-24   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།
          སྤྱི་ཟླ་གཉིས་པའི་ཚེས་༢༡ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་གྱི་དུས་བབ་དང་གནད་འཕིགས་དབུལ་སྐྱོར་སྔར་བས་ལྷག་པ་ལག་བསྟར་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་༣༩པ་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་རེད།
          སློབ་སྦྱོང་གནང་སྐབས་འབྲེལ་ཡོད་དབུལ་སྒྲོལ་འགག་གཏོར་གྱི་ཆེད་སྒྲིག་པར་གཞི་སྟོན་པ་དང་། ལིའུ་ཡོང་ཧྥུ་དང་། ཁྲེན་མིན་འར། ཁྲེན་ཧའོ། ཝང་སན་ཡུན་བཅས་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། ཁོང་ཚོས་རང་སྡེ་ཁག་དང་རང་ས་ཁུལ་གྱི་དོན་དངོས་དང་ཟུང་སྦྲེལ་བྱས་ཏེ་དབུལ་སྒྲོལ་འགག་གཏོར་ལ་འཕྲད་པའི་དུས་བབ་དང་། ལྷག་བསྡད་པའི་གནད་དོན། གོམ་སྟབས་རྗེས་མའི་ལས་དོན་གྱི་འཆར་གཞི་བཅས་གླེང་གནང་ཡོད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་རྣམ་པས་ཁོང་ཚོའི་གཏམ་བཤད་ནན་ཏན་ངང་གསན་གནང་བ་མ་ཟད། འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་རེད།
          ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་གཏོར་ཐད་བཀོད་སྒྲིག་གསར་པ་བྱས་ཡོད། སྤྱི་ལོ་༢༠༡༣ལོ་ནས་༢༠༡༦ལོ་བར་དུས་ཡུན་ལོ་བཞིའི་རིང་། ལོ་ལྟར་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཉུང་དུ་གཏོང་ཚད་བྱེ་བ་གཅིག་ལས་བརྒལ་བ་དང་། རིམ་རྩིས་བྱས་ན་མི་བྱེ་བ་ལྔ་དང་ས་ཡ་ལྔ་དང་དྲུག་འབུམ་བཞི་ཁྲི་ཟིན་ཡོད། དབུལ་ཕོངས་ལ་འགྱུར་ཚད་སྤྱི་ལོ་༢༠༡༢ལོའི་ལོ་མཇུག་གི་བརྒྱ་ཆ་༡༠དང་གྲངས་ཆུང་གཉིས་ནས་སྤྱི་ལོ་༢༠༡༦ལོའི་ལོ་མཇུག་བར་གྱི་བརྒྱ་ཆ་བཞི་དང་གྲངས་ཆུང་ལྔ་བར་ཆག་པ་དང་། ཆག་ཚད་བརྒྱ་ཆའི་གནས་ལྔ་དང་གྲངས་ཆུང་བདུན་ཟིན་ཡོད། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། དབུལ་ཕོངས་ས་ཁུལ་གྱི་རྣམ་པ་ལེགས་བཅོས་ཐུབ་ཡོད། སྤྱིའི་ཆ་ནས་བལྟས་ཚེ། ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་དོ་དམ་སྒྲིག་གཞི་ལག་བསྟར་ཐུབ་པ་དང་། ཀ་བརྒྱད་གདུང་བཞིའི་མཐོ་རིམ་ཇུས་འགོད་གཞི་རྩའི་ཆ་ནས་གྲུབ་པ། བཀོད་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཅུང་ཡག་པོ་ཐུབ་པ། ཕྱོགས་གང་ས་ཅི་ཐད་ནས་བྱ་སྤྱོད་སྤེལ་ཡོད། ལག་ལེན་ཁྲོད། ང་ཚོར་ཕན་ཡོད་ཀྱི་ཉམས་མྱོང་མང་པོ་ཞིག་གསོག་འཇོག་ཐུབ་ཡོད་པ་དང་། མདོར་བསྡུས་ན་གཙོ་བོ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྩ་བ་ཡིན་པ་དང་། གནད་ལ་འཕིགས་པ་ཡོང་བ་བྱ་རྒྱུ་ནི་སྙིང་དོན་ཡིན་པ། མ་དངུལ་མང་དུ་གཏོང་རྒྱུ་ནི་འགན་ལེན་ཡིན་པ། ཕྱོགས་ཁག་ནས་ཐེ་ཞུགས་བྱ་རྒྱུ་ནི་མཉམ་ཤུགས་ཡིན་པ། མང་ཚོགས་ནས་ཐེ་ཞུགས་བྱ་རྒྱུ་ནི་རྨང་གཞི་ཡིན་པ་རེད། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་པོ་ཡིན་པས་དུས་ཡུན་རིང་པོའི་ནང་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཏོན་གནང་བ་དང་། ཞིས་ཅིན་ཕིང་གིས། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་རྒྱུན་འཁྱོངས་བྱེད་དགོས། གནད་འཕིགས་དབུལ་སྐྱོར་གྱི་རྨང་གཞི་བརྟན་པོ་འདིང་བ་དང་། ཡིག་ཚགས་དང་ག་ཤོག་བཟོས་ཏེ་དབུལ་ཕོངས་མི་འབོར་གྱི་མཐིལ་རྟོགས་པ། བྱ་བ་དངོས་སྒྲུབ་པ་དང་ཞིབ་ཚགས་བཟོས་ནས་འགུལ་རྣམ་ལེགས་སྒྲིག་མངོན་འགྱུར་ཡོང་བ་བྱེད་དགོས། དབུལ་སྐྱོར་བྱ་ཐབས་ཀྱི་ཕན་འབྲས་རང་བཞིན་གོང་མཐོར་གཏོང་བ་དང་། དེའི་སྲོག་ཤིང་ནི་ཡུལ་བབ་དང་བསྟུན་པ་དང་། མི་དང་ཁྱིམ་དུད། གྲོང་ཚོ་བཅས་ལ་གཞིགས་ཏེ་སྲིད་ཇུས་ལག་བསྟར་བྱེད་པ། ཐོན་ལས་དབུལ་སྐྱོར་འབུར་དུ་ཐོན་པ། སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པའི་དཔལ་འབྱོར་དངོས་གཟུགས་སྐྱེད་སྲིང་བྱེད་དགོས། དབུལ་སྐྱོར་གནས་སྤོ་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱི་འདོད་མོས་རྩ་དོན་རྒྱུན་འཁྱོངས་བྱེད་པ། འཛུགས་སྐྲུན་གྱི་གཞི་ཁྱོན་དང་མ་གནས་ལུགས་མཐུན་གྱི་ཚོད་འཛིན་བྱེད་པ། རྗེས་མཐུད་ཐོན་ལས་གོང་འཕེལ་གཏོང་བ། གནས་སྤོ་ཐུབ་པ་དང་། བརྟན་ཆགས་ཡོང་བ། རིམ་བཞིན་ཕྱུག་པོར་འགྱུར་བ་བཅས་འགན་ལེན་བྱེད་དགོས། དབུལ་སྐྱོར་ངལ་ནུས་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྦྱོང་བརྡར་གྱི་དམིགས་སའི་རང་བཞིན་དང་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ། ལས་ཞུགས་གནས་སྤོ་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཆ་དེ་རང་དང་ཉེ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་དགོས། སློབ་གསོའི་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ནད་གཞི་ཆེན་པོ་དང་གཅོང་ནད། སློབ་མ་སློབ་གྲྭར་འགྲོ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་ས་ཞིང་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་དབུལ་སྐྱོར་དང་། ཆུ་བེད་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར་སོགས་དབུལ་སྐྱོར་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་གྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་དང་དབུལ་སྐྱོར་གྱི་སླར་ཡང་དངུལ་བུན་གཏོང་བ་སོགས་ཀྱི་སྲིད་ཇུས་མངོན་གསལ་དོད་པོ་དང་གནད་ལ་འཕིགས་པ་ཡོང་བ་བྱེད་དགོས་པའི་ནན་བཏོན་གནང་བ་དང་།
          ཞིས་ཅིན་ཕིང་གིས། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དབུལ་ཕོངས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་གཏོར་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་པ་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པ། གྲོང་གསེབ་ཀྱི་ས་ཆ་དེ་རང་གི་ཤེས་ལྡན་མི་སྣ་ཕྱིར་ལོག་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཆ་དེ་རང་ལ་གནས་ཐུབ་པའི་དབུལ་སྐྱོར་ལས་དོན་རུ་ཁག་གཅིག་འཛུགས་དགོས་ཞེས་གསུངས་པ་དང་། ཞིས་ཅིན་ཕིང་གིས། དབུལ་སྒྲོལ་འགག་གཏོར་གྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་དགོས། གཅིག་ཐོག་གཉིས་སྤར་སྔོན་འགོག་བྱེད་པ་དང་། རང་ནུས་ལ་དཔག་པ་དང་། དོན་དངོས་དང་བློས་འགེལ་ཆོག་པ། སྤུས་ཚད་ལ་འགན་ལེན་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་སྔོན་འགོག་དང་། དབུལ་ཕོངས་དངོས་ལ་རོགས་སྐྱོར་དང་། དབུལ་སྐྱོར་ངོ་མ་བྱེད་པ། དབུལ་སྐྱོར་ལས་དོན་ངེས་པར་དུ་དངོས་གཉེར་ཡོང་བ། དབུལ་སྒྲོལ་བརྒྱུད་རིམ་ངེས་པར་དུ་ཏན་ཏིག་ཡོང་བ། དབུལ་སྒྲོལ་མཇུག་འབྲས་ངེས་པར་དུ་བདེན་པ་བདེན་ཐུབ་ཡིན་པ་བཅས་བྱེད་དགོས་པའི་ནན་བཏོན་གནང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716