སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-04-27   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་འབྲེལ《ཀྲུང་དབྱང་སྲིད་ཁྲིམས་ཚན་པར་སྐོར་གཟིགས་བྱེད་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར》གྲོས་ཞིབ་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་འབྲེལ《ཀྲུང་དབྱང་སྲིད་ཁྲིམས་ཚན་པར་སྐོར་གཟིགས་བྱེད་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདི་ལོ་ཚུན་དུ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་རྒྱུ་མཐའ་འཁྱོངས་བྱས་ནས། གྲུབ་ཆ་ལེགས་སྒྲིག་དང་འགུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་ཧུར་ཐག་སྐུལ་འདེད། ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པར་དཀའ་བའི་གྲུབ་འབྲས་ཐོབ་ཡོད། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བརྟན་ཁྲོད་ཡར་འཕེལ་བྱུང་བ་དང་། འགོ་ཡག་པོ་འཛུགས་པ། འཕར་རྒྱུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། ཁྲོམ་རའི་སྔོན་དཔག་ལེགས་སུ་ཕྱིན་པ། ནང་མཁོས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་མཐོ་རུ་ཕྱིན་པ། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཞབས་ཞུ་གསར་པ་བཅས་རྒྱུན་ཆད་མེད་པར་ཐོན་པ་དང་འབྲེལ་འཕེལ་རྒྱས་མྱུར་པོ་བྱུང་བ། ཐོན་ལས་ལེགས་སྒྲིག་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་པ། ལས་ཞུགས་མུ་མཐུད་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཅུང་འཕར་བ་བཅས་བྱུང་ཡོད། ཕྱོགས་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ངོས་འཛིན་རིམ་གྱིས་བྱེད་ཟབ་ཏུ་ཕྱིན་པ་དང་བྱ་སྤྱོད་དེ་བས་རང་རྟོགས་སུ་གྱུར་ཡོད་པ་དང་། དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད།
          ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས་མཐོང་དགོས་པ་ཞིག་ལ་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཡག་པོ་འགྲོ་བའི་ཐད་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་ཡོད་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བ། འགྲན་སློང་མི་ཉུང་བ་འཕྲད་པ་བཅས་ཡོད་པས་ངེས་པར་དུ་རྒྱུན་རྣམ་གསར་པའི་གཏན་ཚིགས་རིག་པ་ཆེན་པོར་བརྟེན་ནས་དཔལ་འབྱོར་དུས་བབ་ལ་བརྡར་ཤ་གཅོད་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་གྱི་སྒོ་ནས་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་ནན་བཤད་གནང་དོན། དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་འགྲོ་བའི་འགན་ལེན། རྒྱུད་རིམ་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་འགན་ལེན་བཅས་བྱེད་དགོས།
          ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱས་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས“གསུམ་དོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་སྒུལ་ནུས་སྒྱུར་བཀོད་རིམ་སྤོར་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། དངོས་ཚན་དཔལ་འབྱོར་དར་རྒྱས་གཏོང་བ་བཅས་བྱས་ནས་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱེད་དགོས། གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་དང་སྐོང་འཐེན་བྱེད་པ་དང་། སྒྱུར་བཅོས་ཀྱི་ཕན་འབྲས་ཐོབ་ཁྱོན་ཆེ་རུ་གཏོང་བ། གཙོ་གནད་དམངས་འཚོའི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས། ཁྲོམ་རའི་ཁོར་ཡུག་བཟང་པོ་བཏོད་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒོ་འབྱེད་ཁྱབ་ཁོངས་ཆེ་རུ་བཏང་སྟེ་མ་འཇོག་མཁན་གྱི་སྔོན་དཔག་ལེགས་སུ་གཏོང་དགོས། ས་ཁང་བདག་ཁོངས་ཁྲོམ་ར་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་ཆགས་པ་བྱེད་དགོས། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལྟ་སྐུལ་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་དང་། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཉེས་ཆད་གཅོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།
          ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐོར་གཟིགས་ལམ་ལུགས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ཀྲུང་དབྱང་སྲིད་ཁྲིམས་ཚན་པའི་ཏང་རྩ་འཛུགས་ལ་སྐོར་གཟིགས་ལས་དོན་སྤེལ་བ་དེས་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱུང་ནས་ཆབ་སྲིད་ཀྱི་སྟོན་ཕྱོགས་ནུས་པ་ཐོན་ཡོད།
          ཚོགས་འདུའི་ཐོག་སྲིད་ཁྲིམས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆའི་ཆ་གལ་ཆེན་ཞིག་དང་། སྲིད་ཁྲིམས་ལས་ཁུངས་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་གལ་ཆེན་ཞིག སྲིད་ཁྲིམས་དཔུང་ཁག་ནི་ཁྲིམས་སྐྱོང་ཀྲུང་གོ་དང་དུས་བདེ་ཀྲུང་གོ་འཛུགས་སྐྲུན་གྱི་སྟོབས་ཤུགས་གལ་ཆེན་ཞིག་བཅས་ཡིན། སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་དཔུང་ཁག་གིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་དང་ཁྲིམས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ཁྲིམས་བཞིན་རྒྱལ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། འགོ་ཁྲིད་ཚན་ཁག་ལེགས་འདེམས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། དཔུང་ཁག་དོ་དམ་བྱེད་ནན་དུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། འགན་འཁྲི་ནན་པོ་འཁུར་བ། སྒྲིག་ཁྲིམས་ནན་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཁག་དོན་འཁྱོལ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བ། ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྲིད་ཁྲིམས་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱེད་དགོས། སྲིད་ཁྲིམས་ཀྱི་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་རང་ངོས་གསར་བཅོས་ཕོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716