སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
སྤེལ་དུས། 2017-06-12   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་ཐུན་མོང་ཁྱིམ་གཞིས་ཕྱར་བ་གྲུ་འདེགས་ངང་བསྐྲུན་རྒྱུའི་ནན་བཤད་གནང་བ།
ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་2018ལོའི་དབུ་ཚོགས་གཉེར་རྒྱུའི་ཁྱབ་བསྒྲགས་གནང་བ།

          ཟླ་6ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་ཨ་སི་ཐ་ན་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཨ་ཐན་པ་ཡེ་ཕུའུ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིའར་ཅི་གཡོད་ཡེ་ཕུའུ་བཅས་དང་ལྷན་དུ་ཚོགས་འདུར་ཕེབས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་གཞོགས་འདེགས་ཟབ་ཏུ་གཏོང་བ། ཕྱར་བ་གྲུ་འདེགས་ངང་འགྲན་སློང་ལ་ཁ་གཏད་གཅོག་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྲོག་ཐག་དམ་དུ་གཏོང་བ། སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས་བཅས་བྱས་ནས་སྔར་བས་འོད་སྟོང་འཕྲོ་བའི་རྩ་འཛུགས་འདིའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
          ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་11དང་སྐར་མ་50ཐོག་ཞི་ཅིན་ཕིང་རང་བཙན་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས་ན་ཀྲའར་པ་ཡེ་ཕུའུ་ཡིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད།
          ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག《མཐུན་སྒྲིལ་གཞོགས་འདེགས་དང་སྒོ་དབྱེ་ཁོང་ཡངས་ཀྱི་སྒོ་ནས་བདེ་འཇགས་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་གྱི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཐད་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ། དང་པོ། མཐུན་སྒྲིལ་གཞོགས་འདེགས་ཟབ་ཏུ་གཏོང་དགོས་ཤིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་ཏང་། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ལྟ་རེས་སྐྱོང་རེས། བདག་གཞན་མཉམ་བརྗེ། བདེ་སྡུག་མཉམ་འཁུར་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས《དུས་ཡུན་རིང་པོར་ཁྱིམ་མཚེས་མཛའ་མཐུན་ཡོང་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་མཉམ་ལས་ཆིངས་ཡིག》གི་འབྱུང་འགྱུར་ལོ་ལྔའི་ལག་བསྟར་རྩ་གནད་བཟོ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།
          གཉིས་པ། ཕྱར་བ་གྲུ་འདེགས་ངང་འགྲན་སློང་ལ་ཁ་གཏད་གཅོག་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས《ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤྱི་ཆིངས》དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་དང་། འགོག་སྲུང་ལས་དོན་གྱི་བདེ་འཇགས་གླེང་སྟེགས་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ། འབྱུང་འགྱུར་ལོ་གསུམ་རིང“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་བའི་མཉམ་ལས་རྩ་གནད་བཟོ་རྒྱུ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། ཕྱོགས་ཁག་ལ་ཨ་ཧྥུ་ཀ་ནི་སི་ཐན་ཞི་བདེ་དང་མཐུན་འགྲིག་ཡོང་བར་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་བྱས་ནས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྲེལ་གཏུག་ཚོགས་ཆུང”གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བསྐྱར་སྐྲུན་གྱི་བྱ་གཞག་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
          གསུམ་པ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོ་དང་འབྲེལ་ཡོད་ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་སོགས་ས་ཁོངས་ཀྱི་མཉམ་ལས་གྲོས་འགོ་དང་དེ་བཞིན་ཧ་སག་སི་ཐན་གྱི“འོད་ཟེར་ལམ་བུ”སོགས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཐད་ལས་སྟེགས་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལམ་ལུགས་རིམ་བཞིན་འཛུགས་རྒྱུའི་བཀོད་སྒྲིག་བྱེད་པ་དང་། ས་གནས་ཀྱི་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་རྒྱབ་སྐྱོར་དང་སྦྲགས་ཁེ་ལས་འབྲིང་ཆུང་དང་མཉམ་ལས་ཧུར་ཐག་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ།
          བཞི་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྒྲོག་ཐག་དམ་དུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མུ་མཐུད་དེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སློབ་ཆེན་གཉེར་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། གཞོན་ནུའི་སྤེལ་རེས་སྒར་ས་དང་སློབ་གྲྭ་འབྲིང་ཆུང་གི་དབྱར་སྒར་ཡག་པོ་གཉེར་རྒྱུ་དང་འབྲེལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་རིག་གནས་སྒྱུ་རྩལ་དུས་ཆེན་སོགས་བྱེད་སྒོ་གཙོ་གཉེར་བྱེད་འདོད་ཡོད་པ་མ་ཟད། “ཀྲུང་གོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་མི་ཤུགས་ཐོན་ཁུངས་གསར་སྤེལ་མཉམ་ལས་འཆར་གཞི”ལག་བསྟར་བྱེད་འགོ་ཡང་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྨྱན་སྦྱོར་མཉམ་ལས་ལམ་སྲོལ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་རྩ་འཛུགས་འདིའི་སྨྱན་སྦྱོར་དབུ་ཚོགས་སྐབས་དང་པོ་གཙོ་གཉེར་བྱ་རྒྱུ།
          ལྔ་པ། སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས་བྱེད་དགོས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལྟ་ཞིབ་པའི་རྒྱལ་ཁབ་དང་། གླེང་མོལ་རོགས་ཟླ། དེ་བཞིན་རྒྱལ་ཁབ་གཞན་དག་བཅས་དང་མཉམ་ལས་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ནས་རྩ་འཛུགས་འདིས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་དང་སྤེལ་རེས་མུ་མཐུད་རྒྱ་ཆེར་གཏོང་རྒྱུར་མོས་མཐུན་ཡོད་པ་བཅས་རེད།
          ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་ཆབས་ཅིག་2018ལོའི་ཟླ་6པར་དབུ་ཚོགས་འཚོག་རྒྱུ་མ་ཟད། རང་འགན་གཙང་སྒྲུབ་ནན་ཏན་བྱས་ནས་ཕྱོགས་ཁག་དང་མཉམ་དུ་སྔར་བས་འོད་སྟོང་འཕྲོ་བའི་རྩ་འཛུགས་འདིའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
          ཚོགས་ཞུགས་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་རྒྱ་ཆེར་བཏང་སྟེ་རྩ་འཛུགས་འདི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་རྩ་འཛུགས་འདིའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཕན་ཚུན་བརྩི་འཇོག་དང་། མཉམ་ལས་གཉིས་ཕན། གདོང་ཐུག་མི་ཡོང་བ། ཁ་གཏད་དུ་མི་ལང་བ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་དེ་བཞིན་འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པའི་བདེ་འཇགས། ཕན་ཚུན་དབར་གྱི་ཁེ་ཕན་ལ་ལྟ་རྟོག་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་རྨང་གཞིར་བྱས་ནས་སྔར་བས་གཞུང་དྲང་ལུགས་མཐུན་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་དེ་བཞིན་སོ་སོའི་ཁེ་ཕན་དང་འཚམ་པའི་སྣེ་མང་གི་འཛམ་གླིང་གི་རྣམ་པ་བཏོད་དེ་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ཐད་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད།
          འགོ་ཁྲིད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཕན་ཚུན་གྱི་རྒྱལ་ཁབ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་སོགས་སྲོག་ཤིང་གི་ཁེ་ཕན་སྲུང་སྐྱོང་ལ་གཞོལ་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་ཞི་བདེ་སྲ་བརྟན་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཆེད་མཉམ་དུ་ལེགས་སྐྱེས་འབུལ་དགོས་པ་དང་། གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་མཉམ་དུ་རྡུང་རྡེག་གཏོང་དགོས་པའི་བསྐྱར་བཤད་གནང་ཡོད། ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་རྩ་དོན་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་ལ་བརྟེན་ནས་ས་ཁུལ་གྱི་འགལ་བ་སེལ་བ་ནི་གདམ་ག་འབའ་ཞིག་ཡིན་པ་ལས་རྒྱལ་ཁབ་གཞན་གྱི་བདེ་འཇགས་སྣང་མེད་དུ་བཏང་ནས་རང་ངོས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་མི་རུང་བའི་འདོད་ཚུལ་འཛིན་གྱི་ཡོད།
          འགོ་ཁྲིད་པས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་འདི་ལོ་ཟླ་5པར་པེ་ཅིང་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་གྲུབ་འབྲས་ཐོབ་པར་གདེང་འཇོག་གནང་བ་མ་ཟད། འབྲེལ་ཡོད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དེ་གའི་སྦྲེལ་མཐུད་ནུས་པ་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གསར་གཏོད། དངུལ་རྩ། ཁོར་ཡུག་སྲུང་སྐྱོང་། ཚན་རྩལ། འཕྲོད་བསྟེན། རིག་གནས། སློབ་གསོ། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716