གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་གཏེར་ཁའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་འཁོར་སྐྱོད་བཀོལ་སྤྱོད་ལ་རོགས་སྐྱོར་བྱེད་ཆེད། ཚྭ་འདམ་གཞོང་སའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཐད་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར༣.༧གཏོང་རྒྱུ་ཐོག་མར་གཏན་འཁེལ་བྱས།
རྒྱལ་ཁབ་རིམ་པའི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཐོན་ལས་ར་བ་ཁུལ་ཡིན་པའི་ཆ་ནས། ཚྭ་འདམ་གཞོང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་ས་ཁུལ་འདིའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་མུ་མཐུད་དུ་གཏིང་ཟབ་ཏུ་ཕྱིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་དོ་སྣང་ཆེན་པོ་ཐོབ།
མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཐིང་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་ཆིའུ་ཅི་ཁྲུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་ལམ། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ་ཡིས་རྒྱལ་ཡོངས་ཀྱི་སྐོར་དང་པོའི་གཏེར་ཁའི་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་དཔེ་སྟོན་རྟེན་གཞི༤༠འཛུགས་སྐྲུན་བྱེད་པ་དངོས་སུ་འགོ་བརྩམས་ཤིང་། ཚྭ་འདམ་གཞོང་སའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ལས་གཞིའང་དེའི་ནང་དུ་ཚུད་ལ། ཐོག་མར་གཏན་འཁེལ་བྱས་པའི་འཛུགས་སྐྲུན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར༣.༧ཐོབ།
ཆིའུ་ཅི་ཁྲུན་གྱིས་བཤད་རྒྱུར། ལས་གཞི་འདི་འཛུགས་སྐྲུན་བྱེད་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་ཡིན། རྒྱུས་ལོན་པ་ལྟར་ན། མིག་སྔར། པུའུ་ཨུ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ལ༢༠༡༡ལོའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར༡བཏང་ཡོད། |