
སྤྱི་ཟླ༡༠བའི་ཚེས༢༣ཉིན། གནམ་གཤིས་དྲོད་ཚད་ཇེ་དམའ་རུ་སོང་ཡོད་ནའང་། དགའ་ལྡན་སུམ་རྩེན་གླིང་དུ་སྔར་བཞིན་གནས་སྐོར་བས་ཁེངས་འདུག་ལ། རྒྱུས་ལོན་པ་ལྟར་ན། ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ། གཞུང་ལམ་ལེགས་བསྒྱུར་སོགས་རྒྱུ་རྐྱེན་གྱིས་དགའ་ལྡན་སུམ་རྩེན་གླིང་དུ་གནས་སྐོར་བ་བསྡོམས་པས་མི་ཐེངས་ཁྲི༢༧༦༥༩སྣེ་ལེན་བྱས་པ་དང་། ན་ནིང་དང་བསྡུར་ན་དུས་མཉམ་ལས་མར་ལྷུང་ཡོད་པ་རེད། ཡིན་ཡང་རྒྱལ་སྟོན་དུས་ཆེན་རྗེས་ཀྱི་ཚེས༨ཉིན་ནས་ཚེས༢༢ཉིན་བར། གནས་སྐོར་བ་སྣེ་ལེན་བྱས་ཚད་ན་ནིང་དང་བསྡུར་ན་མི་ཐེངས༡༠༠༠ལས་ཇེ་མང་དུ་སོང་ཤིང་། ད་ལོའི་ཟླ༡༠བའི་ཉིན༢༢རིང་ལ་ཉིན་རེར་ཆ་སྙོམས་ཀྱི་གནས་སྐོར་བ་མི་ཐེངས༢༠༥༠སྣེ་ལེན་བྱེད་ཀྱིན་ཡོད།
ཡུལ་ལྗོངས་ཁུལ་པ་སེ་ཕྱི་ཚོང་ཁང་གི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་གནས་སྐོར་ཚོགས་པ་ལོ་སྔོན་མ་ལས༣༠%ཙམ་ཇེ་ཉུང་དུ་སོང་ཡོད་ནའང་། རང་འདེམས་གནས་སྐོར་བྱེད་པའི་མི་གྲངས་ཇེ་མང་དུ་སོང་ཡོད། ཡུལ་ལྗོངས་ཁུལ་གྱིས༥Aརིམ་པའི་ཡུལ་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་ཧུར་ཐག་སྒོས་འཐུས་ཚང་དུ་བཏང་ཞིང་། ༥Aརིམ་པའི་ཡུལ་ལྗོངས་ཁུལ་ཞབས་ཞུའི་ཚད་གཞི་དང་བླང་བྱ་ལྟར། ལས་བཟོ་བའི་ལས་ཀའི་གསོ་སྦྱོང་ལ་ཤུགས་བསྣན་པ་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་། སྤྱི་ཟླ༩བའི་ཚེས༢༡ཉིན། ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ཏེ《གནས་སྐོར་བཅའ་ཁྲིམས》སློབ་སྦྱོང་བྱས་པ་དང་། ལས་བཟོ་བས་ཁྲིམས་ལྟར་གནས་སྐོར་བར་སྤུས་ལེགས་ཞབས་ཞུ་སྒྲུབ་དགོས་ལ། མི་རིགས་ནང་བསྟན་ཆོས་ལུགས་ཀྱི་དངོས་ཟོག་ཚང་ཁང་དང་འགྲེལ་བཤད་པས་ཚོང་ཟོག་མཚམས་སྦྱོར་བྱེད་དུས་དོན་དངོས་དང་བསྟུན་དགོས་པ་ལས། གང་འདོད་དུ་འཛད་སྤྱོད་པར་མགོ་སྐོར་གཏོང་མི་རུང་བའི་བླང་བྱ་བཏོན།
ཡུལ་ལྗོངས་ཁུལ་གྱིས་སྤྱི་ཟླ༡༡ནང་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། ལས་བཟོ་བས་སྔར་ལས《གནས་སྐོར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་དོན་ཚན་ལེགས་པོ་སྦྱངས་ནས་ཁྲིམས་ལྟར་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱེད་རྒྱུ་རེད།