ཟླ༩བའི་ཚེས༡༣ཉིན་གྱི་དུས་ཚོད༡༡སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧེ་རིགས་རང་སྐྱོང་རྫོང་གི་མང་ཚོགས་མི༢༧༣༣ཐེངས་གཉིས་བར་སྲིང་བལ་བཏོག་པའི་ཆེད་སྤྱོད་སྐྱེལ་འདྲེན་མེ་འཁོར་དུ་བསྡད་དེ་ཧེ་ཧྲི་ཝན་འབབ་ཚིགས་ནས་ལམ་ལ་ཆས་ཏེ་ཞིན་ཅང་དུ་བསྐྱོད། ཚོད་དཔག་ལྟར་ན་ཟླ༩བའི་ཟླ་མཇུག་བར་དུ་ཞིང་ཆེན་ཡོངས་སུ་ཞིན་ཅང་དུ་སྲིང་བལ་བཏོག་པར་ཆས་པའི་མི་གྲངས་ཁྲི༥ལྷག་ལ་སླེབས་ཡོད། ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་དང་མཚོ་བོད་ལྕགས་ལམ་ཀུང་ཟི་གཞུང་སྒྲུབ་ཁང་། མཚོ་ཤར་གྲོང་ཁྱེར་ལས་ཞུགས་ཅུའུ། མིན་ཧི་རྫོང་གི་ལས་བྱེད་མི་སྣ་བཅས་ཀྱིས་མིན་ཧི་རྫོང་གི་སྲིང་བལ་བཏོག་པར་འགྲོ་མཁན་ལ་སྐྱེལ་མ་བྱས།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་སྲིང་བལ་བཏོག་པར་སོང་བའི་མི༢༩༧༡༨ཡོད་པ་དང་། དེའི་ནང་སྲིད་གཞུང་གིས་ཐེངས་གཉིས་ལ་རྩ་འཛུགས་བྱས་ཏེ་སྲིང་བལ་བཏོག་མཁན་མི༥༣༥༣སྐྱེལ་འདྲེན་བྱས་པ་དང་། བར་ཁེ་པས་མི༡༢༨༦༠སྣེ་ཁྲིད་ལ། མང་ཚོགས་རང་ཉིད་མི༡༡༥༠༥ཞིན་ཅང་ལ་སོང་ཡོད། ད་ལོའི་སྲིང་བལ་བཏོག་པའི་བྱ་འགུལ་ཁྲོད། མཚོ་ཤར་གྲོང་ཁྱེར་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། ཆེད་དམིགས་ཀྱིས་སྲིང་བལ་བཏོག་པའི་བྱ་བའི་ལག་བསྟར་འཆར་གཞི་བཟོས་པ་དང་། དམིགས་ཚད་ལས་འགན་དང་བྱ་བའི་གོ་རིམ། སྡེ་ཁག་འགན་འཁྲི་སོགས་ཀྱི་ཐད་ནས་བཀོད་སྒྲིག་བྱས། རྩོལ་ལས་བར་ཁེ་པས་མི་གཅིག་ཕྱིར་ལས་ཀར་ཁྲིད་ན་སྒོར༢༠ཡི་འགྲིམ་འགྲུལ་ཁ་གསབ་བྱས་ཏེ་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི༢༠ལྷག་དངོས་འབེབས་བྱས། དུས་མཚུངས་སུ་བརྡ་འཕྲིན་སྡེ་ཁག་དང་འབྲེལ་གཏུག་བྱས་ཏེ་སྲིང་བལ་བཏོག་མཁན་ལ་རིན་མེད་སྒོས་རིན་གོང་སྒོར༣༠༠ཡི“བརྡ་འཕྲིན་གཟིགས་སྐྱོང་བྱང་བུ”དང་རིན་གོང་སྒོར་ཁྲི༤༢ཡི་འཚམ་འདྲི་དངོས་པོ་བྱིན། །