སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ས་ཁུལ་གྱི་སྐབས་གཉིས་པའི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོགས་འདུའི་མཐོང་ཐོས།
སྤེལ་དུས། 2016-12-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          ཟླ12པར་སླེབས་དུས། མངའ་རིས་ས་ཁུལ་དུ་ཉིན་ཤས་རིང་བསྟུད་མར་གནམ་ཤིས་དྲོ་ཞིང་འཇམ་ལ། དེ་ལས་ཀྱང་མི་རྣམས་ལ་དྲོ་སྐྱིད་ཀྱི་སྣང་བ་སྟེར་ངེས་པ་ནི་མངའ་རིས་སེང་གེ་ཁ་འབབ་གྲོང་བརྡལ་དུ་བསྡུ་སྒང་གི་མངའ་རིས་ས་ཁུལ་གྱི་སྐབས་གཉིས་པའི་ཞིང་ཕྱུགས་ཐོན་རྫས་ཚོགས་འདུ་དེ་ཉིད་ལས་མ་འདས། བསྟུད་མར་ཉིན5རིང་གི་དངོས་ཟོག་ཉོ་ཚོང་འདུ་ཚོགས་ལ་ཉིན་རེ་བཞིན་མི་ཚོགས་ཀྱི་རྒྱུན་མ་ཆད་པར་འདུ་འགོད་འཁྲུགས་པ་ཞིག་སྟེ། འཚོང་མཁན་དང་ཉོ་མཁན་གང་ཡིན་རུང་སོ་སོའི་གདོང་ལ་འཛུམ་གྱིས་ཁེངས་ནས་བརྗེ་རེས་ཚོགས་འདུས་སྐྱེད་པའི་དངོས་ཕན་དང་སྟབས་བདེ་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།
          “ ད་ལོར་ང་ཚོས་ལུག500དང་། ནོར་གནག6དེད་ཡོང་ཡོད་ལ་དེ་ནི་ན་ནིང་ལོ་ལས་ལྡབ་གཅིག་གིས་ཇེ་མང་དུ་ཕྱིན་ཡོད་ཅིང་། ཉིན་གསུམ་པར་ནོར་གནག་ཁ་ཚང་བཙོང་ཚར་སོང་ལ། ལུག་ཀྱང་བཅུ་ཕྲག་ཁ་ཤས་ལས་ལྷག་མེད ”ཅེས་རུ་ཐོག་རྫོང་ར་བང་ཤང་ལུང་མོན་ཁ་གྲོང་ཚོ་ནས་སླེབས་པའི་རིན་ཆེན་དབང་ཕྱུག་གིས་དགའ་སྤྲོ་དང་བཅས་གསར་འགོད་པར་དེ་ལྟར་བཤད་བྱུང་། ད་རེས་ཀྱི་ཉོ་ཚོང་ཚོགས་འདུའི་ཐོག་ཁོའི་ནོར་ལུག་བཙོང་པ་མགྱོགས་ལ་རིན་གོང་བཟང་པ་དང་། ཕྱིར་འཚོང་གི་ཁེ་སྤོགས་ཀྱང་ཇེ་མང་དུ་འཕར་ཡོད། སྔོན་ཆད་རྫོང་མཁར་དུ་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་བརྟན་འཇགས་མིན་ཏེ།  ལུག་གཅིག་སྐབས་རེར་སྒོར80 ཡང་འཚོང་ཐུབ་ཀྱི་མེད་མོད། ཉོ་ཚོང་ཚོགས་འདུའི་ཐོག་ལུག་གཅིག་གིས་ཧ་ལམ་སྒོར900ཙམ་ཟིན་གྱི་ཡོད་རེད།
          ཤེས་རྟོགས་བྱུང་པ་ལྟར་ན། དགུན་ཁར་མངའ་རིས་ས་ཁུལ་གྱི་ནོར་ལུག་གི་ཤ་བཙོང་ཚད་མང་པའི་དུས་སུ་སླེབས་ཡོད་མོད། ས་གནས་ཡོངས་སུ་གཏན་འཇགས་ཀྱི་ཉོ་ཚོང་བྱེད་ས་མེད་པ་དང་། ཕྱུགས་ཟོག་ཐོན་རྫས་ཉོ་ཚོང་ལ་དུས་ཡུན་རིང་པོར “ ལམ་སྐབས་ཀྱིས་ཁྲོམ་རའི་ཚབ་བྱེད་པ། ཚོང་ཡོད་ཀྱང་ཁྲོམ་ར་མེད་པའི” སྣང་ཚུལ་ཐོན་ཡོད་པ་རེད། ན་ནིང་ལོ་ནས་བཟུང་། མངའ་རིས་ས་ཁུལ་ཏང་ཨུད་དང་། སྲིད་འཛིན་ཀུང་ཧྲུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངོས་ཟོག་ཉོ་ཚོང་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་པ། མང་ཚོགས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཉོ་བའི་དགོས་མཁོ་སྐོང་ཐུབ་ཆེད། སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཚོགས་འདུ་བསྡུས་པར་གྲུབ་འབྲས་མངོན་གསལ་ལོན་ཡོད་པ་དང་། ད་ལོ་བསྡུས་པའི་སྐབས་གཉིས་པའི་ཉོ་ཚོང་ཚོགས་འདུའི་སྟེང་། སྤྱིའི་གཞི་ཁྱོན་དང་ཐོན་རྫས་ཀྱི་སྤུས་ཚད། གྲངས་འབོར་། ཚོགས་ཞུགས་མི་སྣ་གང་ཐད་ནས་བལྟས་ཀྱང་ཐེངས་སྔོན་མ་ལས་ཆེས་ཆེར་བརྒལ་ཡོད་དེ། ཚོགས་ཞུགས་ཚོང་ཁང11ཡོད་པ་དང་། ནོར་ལུག་གི་ཤའི་ཚོང་སྟེགས70ལས་བརྒལ་པ། ཉོ་ཚོང་ཚོང་རྫས་གྲས་སུ་ནོར་ལུག་གི་ཤ་དང་། མར།  རྩམ་པ། ཤིང་ཏོག  སྔོ་ཚལ། འཚོ་བའི་མཁོ་ཆས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་རིགས་མང་པོ་འདུས་ཡོད་པ་རེད།
          རིན་ཆེན་དབང་ཕྱུག་གིས་གསར་འགོད་པར། ཉོ་ཚོང་འདུ་ཚོགས་མ་བསྡུས་པའི་སྔོན།  ཤང་གི་ཞིང་འབྲོག་མང་ཚོགས་ཚང་མ་རང་འགུལ་ངང་རྫོང་མཁར་དུ་ཕྱིན་ནས་ཞིང་ཕྱུགས་ཐོན་རྫས་ཉོ་བཞིན་ཡོད་ལ། མཐའ་འཁོབ་གྲོང་ཚོར་ཆགས་པའི་མང་ཚོགས་ལ་མཚོན་ན། འགྲིམ་འགྲུལ་གྲོན་དངུལ་གཅིག་པུ་ཡང་འགྲོ་སོང་འབོར་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ཁེ་སྤོགས་དམའ་ལ་ལས་ཚེགས་ཆེ་བ་ཞིག་རེད།  དེང་སྐབས་ཉོ་ཚོང་འདུ་ཚོགས་ཡོད་པས།  སྲིད་གཞུང་གིས་རིན་མེད་ཚོང་སྟེགས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད་དེ། རྫོང་ཁག་ཁ་ཤས་ཀྱིས་མང་ཚོགས་ཟབ་ཞུགས་ཀྱི་ཧུར་སེམས་མཐོ་རུ་གཏོང་ཆེད་ནོར་ལུག་བཙོང་པར་བྱ་དགའ་སྤྲོད་ཀྱི་ཡོད་ཅེས་བརྗོད་བྱུང་།
          ཉོ་ཚོང་ཚོགས་འདུའི་ཐོག་ནོར་ལུག་གི་ཤ་ཕུད། ཞིང་འབྲོག་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་རིགས་མི་འདྲ་བར་ཡང་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། མཚོ་ཆེན་རྫོང་ཙ་རི་གནམ་མཚོ་བོད་སྤོས་བཟོ་གྲྭའི་འབྲོང་ཚེ་རིང་གིས་བཟོ་གྲྭའི་ནང་གི་བོད་སྤོས་དང་། གདོང་སྦྱོར་སོགས་ཚོང་ཟོག་ཁྱེར་ཡོང་ཡོད་དེ། ཉིན་རེ་བཞིན་ཚོང་ཁང་ནང་དུ་མི་ཚོགས་ཀྱིས་ཁེངས་ཡོད་ལ། ལྷག་པར་དུ “ གངས་ལྗོངས་ལྕམ་མོར”འབོད་པའི་གདོང་སྦྱར་ནི་སྒམ་གཅིག་ལ་རིན་སྒོར་200 ཟིན་ཡོད་མོད།  སྒམ120ཁྱེར་ཡོང་པ་ཁ་ཚང་བཙོང་ཚར་འདུག
          “ང་ཚོས་ན་ནིང་ནས་བཟུང་སྲོལ་རྒྱུན་གྱི་སྡེབ་སྟངས་སྤྱད་ནས་གདོང་སྦྱར་འདི་རིགས་ཐོན་སྐྱེད་བྱས་པ་ཡིན་ལ། དེར་བོད་སྨན་རྩ་ཆེན་དང་མངའ་རིན་ཐུན་མིན་གྱི་འདམ་ཆུང་འདུས་ཡོད་པས།  དཀར་མདངས་དང་། བརླན་གཤེར་སོགས་ཀྱི་ཕན་ཡོན་ལྡན”ཞེས་འབྲོང་ཚེ་རིང་གིས་སྤོབས་སེམས་དང་བཅས་གསར་འགོད་པར། “ མཚོ་ཆེན་ནི་ས་ཁུལ་དང་བར་ཐག་སྤྱི་ལེ་800ཡིས་ཆོད་ཅིང་། སྔོན་ཆད་གཞན་གྱིས་ང་ཚོས་ཚོང་རྫས་དུས་ཐོག་ཏུ་ཤེས་ཀྱི་ཡོད་ནའང་། ཉོ་ཚོང་ལ་སྟབས་བདེ་མེད་པས། ཉོ་ཚོང་ཚོགས་འདུས་ང་ཚོ་དང་ཚོང་གཉེར་མཁན་དང་མང་ཚོགས་ཉོ་ཚོང་གི་སྟབས་བདེ་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད་བྱུང་།
          སེང་གེ་ཁ་འབབ་གྲོང་བརྡལ་གྱི་གྲོང་མི་འཇམ་དབྱངས་བཟང་མོས་ད་རེས་ཀྱི་ཉོ་ཚོང་ཚོགས་འདུའི་ཐོག་དངོས་ཟོག་ཅི་རིགས་ཉོས་ཡོད་དེ། གསར་འགོད་པས་མོ་མཐོང་སྐབས། ཁོ་མོས་གདོང་སྦྱར་དང་། བོད་སྤོས། ཕྱུར་བ་སོགས་ཁྱད་ལྡན་ཚོང་རྫས་མང་པོ་ཉོས་ཡོད་པ་མ་ཟད། ལུག20འང་ཉོས་ཡོད་པ་རེད། ཁོ་མོས “ སྔོན་ཆད་ང་ཚོས་ལོ་གསར་གྱི་མཁོ་ཆས་ཉོ་དུས་ཕྱོགས་ཡར་མར་ལ་རྒྱུགས་དགོས་མོད། དེང་ཆར་ཉོ་ཚོང་ཚོགས་འདུའི་སྟེང་དངོས་རྫས་སྣ་ཅི་རིགས་ཡོད་པ་དང་། སྤུད་ཀ་བཟང་ལ་རིན་གོང་ཡང་ཧ་ཅང་ཁེ་པོ་འདུག་པས། སྲིད་གཞུང་གིས་ང་ཚོར་སྟེགས་བུ་འདི་འདྲ་ཞིག་འདོན་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716