སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཐོག་དང་པོར་ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱ་རྒྱུ་ལྗོངས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།
སྤེལ་དུས། 2013-06-21   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ལས་རྒྱུས་ལོན་བྱུང་བ་ལྟར་ན། ༢༠༡༢ལོའི་བར་དུ། བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཁ་པར་སྤྱོད་མཁན་ཁྲི་༢༧དང་དྲ་རྒྱ་སྤྱོད་མཁན་ཁྲི་༡༤༦ཚེག་༧༤ཚང་མར་ཐོབ་ཐང་ངོ་མ་ཐོ་འགོད་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ནས་ཐོག་མར་ས་གནས་དེ་གའི་ཁྱིམ་སྤྱོད་ཁ་པར་དང་ལག་འཁྱེར་ཁ་པར།དྲ་རྒྱ་བཅས་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱ་རྒྱུ་ལྗོངས་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་བ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ལུགས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཨུ་ཡོན་ཏའེ་ཅན་ཀུའོ་ཡིས་ངོ་སྤྲོད་བྱ་རྒྱུར། ༢༠༡༡ལོའི་ཟླ་བ་བཅུ་གཅིག་པར། རང་སྐྱོང་ལྗོངས་ཀྱི་སྐབས་དགུ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་ཉེར་ལྔ་པའི་གྲོས་ཚོགས་ཞིབ་བཤེར་གྲོས་མོལ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་ལག་བསྟར་བྱ་རྒྱུའི་ཆོད་དོན་ཐད་ལ་གྲོས་འཆམ་བྱུང་བ་རེད། དུས་དེ་ནས་བཟུང་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ས་གནས་ཁྲིམས་འཛུགས་བརྒྱུད་དེ་ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པར་སྐུལ་སྤེལ་གཏོང་བའི་ཞིང་ཁུལ་ཨང་དང་པོར་འགྱུར་བ་རེད།

ཏའེ་ཅན་ཀུའོ་ཡིས། ཁ་པར་དང་དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱུས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱི་ལས་དོན་དང་འཚོ་བའི་ཐད་ལ་སྟབས་བདེ་གང་མང་བསྐྲུན་ཡོད་མོད།  འོན་ཀྱང་དེ་དང་དུས་མཚུངས་སུ་སྤྱི་ཚོགས་ཀྱི་གནད་དོན་ཡང་གང་མང་ཞིག་བཟོས་ཡོད་དེ། དཔེར་ན། ན་གཞོན་རྣམས་ཀྱིས་དྲ་རྒྱའི་རྩེད་མོར་མགོ་འཁོར་བ་དང་དྲ་རྒྱས་གཏམ་འཁྱར་གང་སར་ཁྱབ་པ། འདོད་གཡེམ་འདོད་ལོག་བརྒྱུད་སྤེལ་བྱེད་པ། འཕྲིན་ཐུང་སྙིགས་རོས་དམངས་ཚོགས་ལ་སུན་སྣང་བསྐྱེད་དུ་འཇུག་པ་སོགས་ཡོད་པ་རེད་ཅེས་བཤད་པ་རེད། ཁོང་གིས། ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པ་ལག་བསྟར་བྱས་པས། གནད་དོན་འདི་ཚོ་ཐག་བཅད་ཐུབ་པ་སྟེ། ཕྱོགས་གཅིག་ནས་སྤྱི་ཚོགས་དོ་དམ་གྱི་གཞི་རྩའི་ལས་དོན་ཤུགས་སྣོན་དང་གསར་གཏོད་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་དྲ་རྒྱའི་ལས་རིགས་ཀྱི་ཕུགས་ཡུན་གྱི་ཉེན་མེད་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པ་རེད་ཅེས་བཤད་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེའི་ངོ་སྤྲོད་བྱས་པ་ལྟར་ན། ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་གྱི་ལས་དོན་ལག་བསྟར་ནན་མོ་བྱས་པ་དེས། སྤྱི་དམངས་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁག་ཐེག་དང་སྲུང་སྐྱོང་བྱེད་པའི་ཐད་ལ་དགེ་མཚན་ལྡན་པ་དང་། ཆ་འཕྲིན་གནོད་འཚེ་ཅན་གྱི་བརྒྱུད་སྤེལ་བཀག་སྡོམ་བྱས་ཐུབ་པ་དང་། སྔར་ལས་གློག་འཕྲིན་ལས་རིགས་ཀྱི་རྨང་གཞི་དོ་དམ་ཚད་དང་ལྡན་པ་བྱེད་པ། ཉེན་མེད་དང་གོ་རིམ་ལྡན་པའི་འཕྲིན་གཏོང་དང་དྲ་རྒྱའི་འཁོར་ཡུག་ཅིག་བསྐྲུན་ཐུབ་ཞེས་བཤད་པ་རེད།

ཉི་མ་རྡོ་རྗེས། ཁ་པར་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་དེ་ལག་བསྟར་མ་བྱེད་པའི་སྔོན། འཕྲིན་ཐུང་སྙིགས་རོ་དང་ཁ་པར་ལམ་ནས་ཁ་བསླུས་རྒྱག་པ་སོགས་སྤྱི་པའི་བདེ་འཇགས་ཁེ་དབང་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་འདྲ་མིན་སྣ་ཚོགས་བཟོས་པ་རེད། ད་ལྟ་ཁ་པར་དང་དྲ་རྒྱའི་ཐོབ་ཐང་ངོ་མ་ཐོ་འགོད་བྱ་རྒྱུ་ལྗོངས་ཡོངས་སུ་ཁེབས་པ་དང་འབྲེལ་ཡོད་ཀྱི་ལག་རྩལ་བྱེད་ཐབས་འཕེལ་རྒྱས་འགྲོ་བ་དང་བསྟུན། ཁ་པར་དང་དྲ་རྒྱ་ལ་བརྟེན་ནས་བྱུང་བའི་ཆ་འཕྲིན་སྙིགས་རོའི་ཚད་མངོན་གསལ་སྒོས་མར་ཆག་པ་རེད།

ཐོབ་ཐང་ངོ་མ་ཐོ་འགོད་ལས་དོན་ལ་སྤྱོད་མཁན་རྣམས་ཀྱིས་དགའ་བསུ་དང་དོ་སྣང་ཐོབ་པ་རེད། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། བོད་ལྗོངས་ལྷ་སའི་གློག་འཕྲིན་ཐང་ཆེན་གྱི་ལས་གཉེར་ཚོམས་ཁང་དུ། བོད་པའི་བུ་མོ་ན་གཞོན་ཚེ་སྐྱིད་ཀྱིས་དྲ་འབྲེལ་ལས་སྒོའི་གནས་ཚུལ་འདྲི་བཞིན་ཡོད། ཚེ་སྐྱིད་ཀྱིས་གསར་འགོད་པ་ལ། ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པ་དེ་དཀའ་མོ་ཞིག་མ་རེད། རྒྱུ་མཚན་ནི་ཁོ་མོས་ནམ་ཡང་ཐོབ་ཐང་ལག་ཁྱེར་ལུས་ཐོག་ཏུ་འཁྱེར་པ་རྒྱུན་སྲུང་བྱེད་ཡོད་ཅེས་བཤད། གླ་སྤྲོད་འགྲོ་ལུགས་བདག་གཉེར་བྱེད་བཞིན་པའི་སྐུ་ཞབས་ཀྲང་གིས། ཁ་པར་ཐོབ་ཐང་ངོ་མའི་ལམ་ལུགས་ངོ་མ་ཡག་པོ་འདུག འཕྲིན་ཐུང་སྙིགས་རོ་དང་མགོ་སྐོར་གཏོང་མཁན་ཇེ་ཉུང་དུ་འགྲོ་བས། འབྲེལ་ཡོད་སྡེ་ཁག་གིས་སྤྱོད་མཁན་སྒེར་ཀྱི་གནས་ཚུལ་སྲུང་སྐྱོང་ཡག་པོ་བྱེད་པའི་རེ་བ་ཡོད་ཅེས་བཤད་པ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སུ་ཁ་པར་དང་དྲ་རྒྱའི་ཐོབ་ཐང་ངོ་མས་ཐོ་འགོད་ལས་དོན་དོན་འཁྱོལ་ཡོང་བའི་ཆེད་དུ། ཀྲུང་གོའི་གློག་འཕྲིན་དང་འགུལ་སྐྱོད། མཉམ་འབྲེལ་སོགས་གློག་འཕྲིན་ཁེ་ལས་མ་དངུལ་ཁྲི་བཞི་སྟོང་ཙམ་གཏོང་འཇོག་བྱས་ཡོད། ཐོག་མས་སྤྱོད་མཁན་ཐོབ་ཐང་ངོ་མ་ཐོ་འགོད་མ་ལག་འདེགས་སྐྱོར་བྱེད་པའི་སྟེགས་བུ་འཛུགས་པ་རེད། ད་ལྟའི་བར་དུ། སྒྲིག་སྲོལ་འགལ་བའི་གློག་འཕྲིན་ལས་སྒོ་ཚབ་འཚོང་ཚོང་བ་སྟོང་ལྔ་གཙང་སེལ་དང་མེད་པ་བཟོས་ཡོད། སྤྱོད་མཁན་ཐོབ་ཐང་ངོ་མ་ཐོ་འགོད་དང་སྤྱོད་མཁན་གྱི་གནས་ཚུལ་སྲུང་སྐྱོང་ལས་དོན་ཏན་ཏིག་དང་ལུགས་མཐུན་སྒོས་སྐུལ་སྤེལ་གཏོང་བར་ཁག་ཐེག་བྱས་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060