སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་རྙེད་པ།
སྤེལ་དུས། 2014-10-10   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  ལྷ་དབང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་ཀྱི་ཤར་ལྷོའི་མཚམས་སུ་གནས་པའི་སྨར་ཁམས་རྫོང་ནས་རྣམ་སྣང་དང་ཉེ་སྲས་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་ཕོན་ཆེན་ཞིག་རྙེད་པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པས་བརྟག་དཔྱད་བྱས་པ་ལྟར་ན་དེ་ནི་བོད་ནས་གསར་དུ་རྙེད་པའི་བཙན་པོའི་དུས་ཀྱི་བྱང་སེམས་ཀྱི་བྲག་བརྐོས་སྐུ་བརྙན་ཡིན་པ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།  

    བྱང་སེམས་ཀྱི་ལྷ་སྐུའི་བྲག་བརྐོས་རི་མོ་དེ་རི་ཟུར་ཞིག་གི་མཐོ་ཚད་སྨི9དང་ཞེང་ཚད་སྨི7.5ཡི་བྲག་ལྡེབས་ཤིག་ཏུ་བརྐོས་པའི་ནང་གཙོ་ལྷ་རྣམ་སྣང་གི་སྐུ་དེ་མཐོ་ཚད་སྨི4.95ཟིན་ཞིང་། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་བཞེས་པ། པད་འདབ་སེང་ཁྲིར་བཞུགས་ཤིང་བརྩེ་ཉམས་ཆེ། གཡས་གཡོན་དུ་བྱང་སེམས་བརྒྱད་ཡོད་པ་སྟེང་འོག་ལ་རིམ་བཞིན་བཞུགས་པ་ལས་གཡས་ཀྱི་གོང་དུ་ཀུན་ཏུ་བཟང་པོ་དང་ཕྱག་རྡོར། འོག་ཏུ་སའི་སྙིང་པོ་དང་སྤྱན་རས་གཟིགས། གཡོན་གྱི་གོང་དུ་བྱམས་པ་དང་ནམ་མཁའི་སྙིང་པོ། འོག་ཏུ་འཇམ་དཔལ་དབྱངས་དང་སྒྲིབ་པ་རྣམ་སེལ་བཅས་ཚུལ་བཞིན་བཞུགས་ཡོད། 

    བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པ་སངས་དབང་འདུས་ཀྱིས་ཆབ་མདོ་ས་ཁུལ་ནས་བཙན་པོའི་དུས་ཀྱི་རྣམ་སྣང་དང་ཉེ་བའི་སྲས་ཆེན་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་ཁག་གཉིས་ཐོན་པ་སྟེ། གཅིག་ནི་བྲག་གཡབ་རྫོང་རི་མདའ་ཤང་གི་བྲག་བརྐོས་སྐུ་བརྙན་དང་། གཅིག་ཤོས་ནི་སྨར་ཁམས་རྫོང་སྤང་མདའ་ཤང་གི་རྣམ་སྣང་ལྷ་ཁང་དུ་ཡོད་པའི་བྲག་བརྐོས་སྐུ་བརྙན་ཡིན་ཞེས་གསུངས།

    ད་རེས་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་ཁོངས་ནས་རྣམ་སྣང་དང་ཉེ་སྲས་བརྒྱད་ཀྱི་བྲག་བརྐོས་སྐུ་བརྙན་རྙེད་པ་དེ་གོང་གསལ་གྱི་བྲག་བརྐོས་སྐུ་བརྙན་དེ་དག་དང་འདྲ་བར་དུས་གཅིག་གི་ཡིན་པར་བརྟེན་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཞིབ་འཇུག་རིན་ཐང་ཧ་ཅང་མཐོ་ཞིང་དེས་ནང་བསྟན་བོད་ཀྱི་ཤར་རྒྱུད་ལ་དར་ཚུལ་སོགས་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།  

    ཁ་བྱང་ཕྱི་མོ། བཙན་པོའི་དུས་ཀྱི་བྲག་བརྐོས་སྐུ་བརྙན་རྙེད་པ།

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060