སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུའི་གནས་སྤོའི་བར་ཐག་དང་གྲངས་འབོར་གཏན་འཁེལ་བྱས་པ།
སྤེལ་དུས། 2016-09-26   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོས་བསྒྱུར།
          ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་གཅིག་ཙམ་རིང་གི“2016ལོའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་སྐོར་གྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ”བྱེད་སྒོའི་ནང་། ཚན་རིག་མཁས་ཅན་རྣམས་ཀྱིས་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུའི་གྲངས་འབོར་དང་གནས་སྤོའི་ལམ་ཐིག་གཏན་འཁེལ་བྱས་ཏེ། སླད་ཕྱིན་གཙོད་སྐོར་གྱི་ཚན་ཞིབ་དང་སྲུང་སྐྱོང་ལས་དོན་ཆེད་དབང་གྲགས་ལྡན་པའི་ཆ་འཕྲིན་གྱི་འདེགས་སྐྱོར་བྱས་པ་རེད།
          གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་ནུབ་རྒྱུད་བཅས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཟིན་པའི་ས་བབ་མཐོ་ལ་གྲང་ངར་ཆེ་བའི་མྱ་ངམ་ཐང་དུ་འཚོ་སྡོད་བྱེད་ཅིང་། དེའི་ནང་ནས་80%ཡི་ས་ཁོངས་ནི་བོད་བྱང་ཐང་སྲུང་སྐྱོང་ཁུལ་ཡིན་པ་རེད།
          བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་ནང་ཚན་རིག་རྟོག་ཞིབ་རུ་ཁག་གིས་2013ལོར་བྱང་ཐང་སྲུང་སྐྱོང་ཁུལ་དུ་གཙོད་ལ་སྲུང་སྐར་རྗེས་སྙེག་སྐེ་རྟགས་15བཏགས་པའི་གཞི་གྲངས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་པ་མ་ཟད། ཡུལ་དངོས་སུ་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུའི་གནས་སྤོའི་ལམ་ཐིག་དང་། ངལ་གསོ་རྒྱག་ཡུལ། གཙོད་ཕྲུག་བཙའ་ས་སོགས་ཀྱི་ཆ་འཕྲིན་ལ་ཞིབ་བཤེར་ཡང་བྱས་པ་རེད།
          ལྟ་དཔྱད་ཚད་འཇལ་ལས་མངོན་པ་ལྟར་ན། བྱང་ཐང་སྲུང་སྐྱོང་ཁུལ་གྱི་སེའུ་གངས་རིའི་འདབས་སུ་སྤྱི་ལེ་ངོས་གྲུ་50ནས་80ཟིན་པའི་གཙོད་ཕྲུག་བཙའ་ས་ཡོད་པ་དང་། དེ་ནི་མཚོ་བོད་ས་མཐོའི་གཙོད་ཕྲུག་བཙའ་ས་ཆེ་ཤོས་ཡིན་པ་རེད། གཞན་ཡང་བྱང་ཐང་ལྷོ་བྱང་གི་གཙོད་ཁྱུ་གནས་སྤོའི་ཐད་ཧེ་བག་མངོན་གསལ་དོད་པ་དང་། སྲུང་སྐྱོང་ཁུལ་གྱི་བྱང་རྒྱུད་གཙོད་ཕྲུག་བཙའ་སའི་གནས་སྤོའི་ལམ་ཐིག་ཧ་ཅང་རིང་བ་དེ་སྤྱི་ལེ་300ནས་400ཙམ་ཟིན་གྱི་ཡོད་ལ། སྲུང་སྐྱོང་ཁུལ་ལྷོ་རྒྱུད་ཀྱི་གཙོད་ཁྱུའི་གནས་སྤོའི་ལམ་ཐིག་ཅུང་ཐུང་བ་དེ་སྤྱི་ལེ་100ཙམ་ཟིན་གྱི་ཡོད་པ་རེད།
          གཞན་ཡང་མཉམ་འབྲེལ་ཚན་རིག་རྟོག་ཞིབ་བྱེད་རིང་ཚན་རིག་རྟོག་ཞིབ་རུ་ཁག་གིས་མི་མེད་གནམ་གྲུར་བརྟེན་ནས་གཙོད་ལ་མཁའ་ཐོག་ཚད་འཇལ་ཐོག་མར་བྱས་ནས་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་ཁྱུ་གནས་སྤོའི་གྲངས་འབོར་གཏན་འཁེལ་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་རགས་རྩིས་བྱས་པ་བརྒྱུད་བྱང་ཐང་སྲུང་སྐྱོང་ཁུལ་གྱི་སེའུ་གངས་རིའི་འདབས་ཀྱི་གཙོད་ཁྱུའི་གྲངས་འབོར་ཁྲི་15ལས་བརྒལ་ཡོད་པ་རེད།
          རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་གནས་པ་དང་། དེ་ནི་འཛམ་གླིང་གི་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་གྲས་ཨང་གཉིས་པ་ཡིན་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བ་དང་། སྲུང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོ་དང་གཉིས་པའི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་40ལྷག་སླར་གསོ་བྱུང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716