སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན།
སྤེལ་དུས། 2016-09-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོས་བསྒྱུར།
—— བོད་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱས་པའི་སྐོར་གྱི་ལས་ཀའི་སྒྲིལ་གླེང་།
          བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོའི་ས་ཁུལ་འབའ་ཞིག་ཡིན་ལ། འཛམ་གླིང་ཐོག་སྣོད་བཅུད་ཀྱི་ལེགས་ཆ་ལྡན་པའི་ས་ཁུལ་མང་པོ་མེད་པའི་གྲས་ཤིག་དང་སྣོད་བཅུད་ཉམས་ཞན་དབང་གིས་སྐད་གྲགས་ཆོད་པའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། རང་ལྗོངས་ཀྱིས་སྣོད་བཅུད་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ད་ཡོད་ཀྱི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་དང་སྣོད་བཅུད་ཀྱི་འདུ་འགོད་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་སྣེ་མང་སྤྱད་པ་བརྒྱུད་སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་རང་བཞིན་གྱི་ལས་གནས་ཁྲི་50ལྷག་ཙམ་གསར་སྣོན་དང་བཀོད་སྒྲིག་བྱས་པས། ཡིག་ཚགས་དང་གཱ་བཟོས་པའི་ངལ་ནུས་ལྡན་པའི་མི་དབུལ་པོ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་རྣམས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ནང་ཞུགས་པ་བརྒྱུད་ངོ་སོ་ཐོན་པ་དང་གཞན་ལ་སྨོན་མ་དགོས་པར་དབུལ་སྒྲོལ་བྱེད་ཐུབ་པ་བྱུང་ཡོད།
          མ་དངུལ་བསྡུ་སྒྲིལ་བྱས་ཏེ་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་པ།
          སྐལ་བཟང་དང་། དངོས་གྲུབ། སྤེན་པ། རྡོ་རྗེ་བཅས་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ནས་ཡིན་པ་དང་། ཁོང་ཚོ་གཟའ་འཁོར་མི་རེ་ངོ་རེར་མདོ་མཐའ་ལུང་ཤུར་དུ་གནས་པའི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིའི་ལས་དོན་པར་སྐྱེད་ཉ་རྣམས་ཆུ་རྫིང་གཞན་ལ་སྤོ་རོགས་དང་ཉ་རྫིང་ལ་གད་རྒྱག་རོགས་བྱེད་པར་འགྲོ་བ་ཁོ་ནས་མི་རེར་ཟླ་རེར་ཡོང་འབབ་ཐོལ་པ་སྒོར་1000ཡས་མས་ཡོང་གི་ཡོད།
          གྲོ་མོའི་ཉ་ནི་རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་རི་སྐྱེས་ཆུ་ཐོན་དངོས་རིགས་ཀྱི་སྲུང་སྐྱོང་བྱ་ཡུལ་སྲོག་ཆགས་ཤིག་ཡིན་ཞིང་། ཉ་དེ་རིགས་གྲོ་མོ་རྫོང་གི་གྲོ་མོ་སྟོད་ཤང་དང་གྲོ་མོ་སྨད་ཤང་གི་སྤྱི་ལེ་20ཡི་ཁུལ་དུ་སྐྱེ་འཚར་བྱེད་པའི་གྲོ་མོ་ཁོ་ནར་ཡོད་པའི་ས་མཐོའི་གྲང་ཆུའི་ཉ་རིགས་ཤིག་ཡིན། སྒོ་ང་བསྙལ་ནས་ཉ་ཕྲུག་སྐྱེ་འཚར་ཐུབ་ཚད་ཉུང་བ་དང་། གསོ་ཚགས་བྱེད་དཀའ་བ། ལག་རྩལ་མཐོ་པོ་དགོས་པ་སོགས་ཀྱི་རྐྱེན་པས་ལོ་མང་རིང་མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱ་རྒྱུ་གཞི་ཁྱོན་ཆུང་ངུ་ཞིག་ལས་ལེགས་གྲུབ་བྱུང་མེད།
          གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ནང་མང་ཚོགས་དབུལ་པོ་རྣམས་གྲོ་མོའི་ཉའི་ཐོན་ལས་ནང་ཞུགས་ཏེ་དབུལ་སྒྲོལ་ཐུབ་པ་བྱ་ཆེད། གྲོ་མོ་རྫོང་གིས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཧྲང་ཧའེ་རྒྱ་མཚོའི་སློབ་ཆེན་དང་མཉམ་ལས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འགག་སྒྲོལ་བྱས་ཏེ་ཉ་ཕྲུག་སྐྱེ་འཕེལ་གྱི་གཞི་ཁྱོན་ཆེ་རུ་བཏང་བས། སྐྱེད་ཉའི་གྲངས་འབོར་ཆིག་ཁྲི་ལྷག་ཙམ་ནས་ཁྲི་50ལྷག་ཙམ་བར་མང་དུ་སོང་ཡོད། གྲོ་མོ་རྫོང་གི་ཤང་དང་གྲོང་རྡལ་6གི་དུད་ཚང་དབུལ་པོ་642ཀྱི་མང་ཚོགས་དབུལ་པོ་2232ཀྱིས་ཞོར་དུ་གྲོ་མོའི་ཉའི་ཐོན་ལས་ནང་ཞུགས་པས་ཕན་པ་ཆེན་པོ་ཐོབ་ཡོད།
          རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས)ཁག་གིས་ལོ་གཉིས་ཡན་གྱི(ལོ་གཉིས་ཚུད་པ)ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤོ་རྒྱུ་དང་ཆ་ཚང་སྤྱི་འདོམས་བསྡུ་སྒྲིལ་བྱས་ནས་དབུལ་སྐྱོར་གསར་སྤེལ་ཐད་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། ཀྲུང་དབྱང་གིས་སྤྱི་འདོམས་བསྡུ་སྒྲིལ་ཐད་སྤྱོད་རྒྱུར་གཏན་འཁེལ་བྱས་པའི་མ་དངུལ་ཕུད་རང་ལྗོངས་ཀྱིས་ཞིང་ལས་དང་། ནགས་ལས། ཡུལ་སྐོར། རྨང་བརྟན་དམངས་ཕན། བོད་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་མ་དངུལ་ཆ་ཚང་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱོད་པའི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཁོངས་སུ་འཇུག་རྒྱུའི་གཏན་འབེབས་བྱས་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་རང་ལྗོངས་ཀྱིས་ཞིང་འབྲེལ་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་85.2སྤྱི་འདོམས་བསྡུ་སྒྲིལ་བྱས་པ་དེས་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྔོན་རྩིས་བསྡོམས་འབོར་གྱི་48.8%བཟུང་ཡོད།
          མང་ཚོགས་སྐུལ་སློང་གིས་སྲིད་ཇུས་ཀྱི་ཁ་གསབ་དོན་ཐོག་ཏུ་འཁྱོལ་བ་བྱས་པ།
          སྣོད་བཅུད་སྲུང་སྐྱོང་ལས་མང་ཚོགས་དབུལ་པོར་ཕན་པ་ཐོབ་ཐབས་བྱས་ནས་སྣོད་བཅུད་སྲུང་སྐྱོང་གི་འབྲས་བུ་ལོངས་སྤྱོད་བྱེད་རིང་དབུལ་སྒྲོལ་ཕྱུག་འགྱུར་ནི་གོ་ཆོད་ནུས་ལྡན་གྱི་ཐབས་བཟང་ཞིག་ཡིན། རྣམ་གླིང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་ཡོད་པའི་སྣོད་བཅུད་དཔེ་སྟོན་ཁུལ་ནི་སྣོད་བཅུད་སྲུང་སྐྱོང་ལས་མང་ཚོགས་དབུལ་པོར་ཕན་པ་ཐོབ་པའི་དཔེ་མཚོན་ཞིག་ཡིན།
          རྣམ་གླིང་རྫོང་ཡོངས་སུ་ནགས་སྲུང་བ་801ཡོད་པ་ཚང་མ་མང་ཚོགས་དབུལ་པོ་ཡིན་ཞིང་། མིག་སྔར་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་སྣོད་བཅུད་དཔེ་སྟོན་ཁུལ་ལ་མུའུ་ཁྲི་4.8ཟིན་པ་དེ་ཁོ་ནར་ནགས་སྲུང་བ་30ལྷག་ཙམ་གྱིས་ཉིན་མཚན་བལྟོས་མེད་དུ་ལྟ་སྲུང་བྱེད་ཀྱི་ཡོད།
          སྤྲིན་དཀར་ཚོམ་བུས་བརྒྱན་པའི་སྔོ་སངས་ཀྱི་ནམ་མཁའི་འོག་ཡངས་ཤིང་རྒྱ་ཆེ་བའི་ནགས་ཤིང་དང་ས་ཞིང་ཡུག་དང་ཡུག་བྱས་ཏེ་ལྟ་བས་མི་ངོམས་པ་ཞིག་ཡོད། ཤིང་འཛུགས་ནགས་བཟོའི་རྨང་གཞིའི་ཐོག་སྣོད་བཅུད་དཔེ་སྟོན་ཁུལ་གྱིས་གནས་སྤོས་ས་རྒྱུ་བཟང་དུ་བཏང་སྟེ། ཞིང་ས་གཤིན་པོ་མང་པོ་གསར་སྦོལ་བྱས་ཡོད། ད་ཆ་ཕྱུགས་རྩྭའི་སོན་འདུལ་ཁུལ་གྱི་རྟེན་གཞིར་མུའུ་315དང་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་ཁུལ་མུའུ་ཁྲི་4.7བསྐྲུན་ཟིན་པར་གཟན་རྩྭ་སྣེ་ཁ་76ལྷག་ཙམ་ཡོད་པ་དེས་ལོ་རེའི་དཔྱིད་དུས་སུ་འབྲོག་ཁུལ་དུ་གཟན་རྩྭ་ཏུན་ཁྲི་གྲངས་ཁ་ཤས་མཁོ་འདོན་ཐུབ་པས། འབྲོག་ཁུལ་དུ་དཔྱིད་དུས་གཟན་རྩྭ་མི་འདང་བའི་གནད་དོན་བསལ་བ་དང་དུས་མཚུངས་རྣམ་གླིང་རྫོང་གི་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།
          ལྗོངས་ཡོངས་སུ་རྣམ་གླིང་རྫོང་དང་འདྲ་བར་མང་ཚོགས་སྣོད་བཅུད་འཛུགས་སྐྱོང་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་ལས་ཕན་པ་ཐོབ་པའི་དཔེ་མཚོན་ད་དུང་ཧ་ཅང་མང་པོ་ཡོད་པ་རེད།
          འཁོར་རྒྱུག་བཟང་པོ་ཡོང་བ་བྱས་ཏེ་གནོད་མེད་ཐོན་ལས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད་པ།
          སྣོད་བཅུད་སྲུང་སྐྱོང་ནང་ཞུགས་པ་ལས་ཕན་པ་ཐོབ་པ་དང་སྲུང་སྐྱོང་བྱེད་རིང་ལུགས་མཐུན་གསར་སྤེལ་བྱས་པ་བརྒྱུད། མང་ཚོགས་དབུལ་པོས་སྣོད་བཅུད་ཀྱི་སྲིད་ཇུས་དང་སྣོད་བཅུད་གསར་སྤེལ་གྱི་དབུལ་སྒྲོལ་བྱེད་སྟངས་བཟང་པོ་ཤེས་ཡོད། སྣོད་བཅུད་སྲུང་སྐྱོང་བྱས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དེ་གནད་སྨིན་དབུལ་སྒྲོལ་གྱི་ཐབས་ལམ་བཟང་པོ་ཞིག་དེ་བས་ཀྱང་ཡིན།
          བོད་ལྗོངས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་ཡག་པོ་སྤྱད་དེ་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་ཐོན་ལས་གསར་སྤེལ་བྱས་པས་མང་ཚོགས་དབུལ་པོར་ཕན་པ་བཟང་པོ་ཐོབ་པའི་དཔེ་མཚོན་དུ་གྱུར་ཡོད།
          གྲངས་གཞི་ལས་མངོན་པར། ད་བར་ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་སྐོར་ཞབས་ཞུའི་ཚོང་གཉེར་ནང་ཐད་ཀར་ཞུགས་མཁན་གྱི་ཞིང་འབྲོག་པ་མི་གྲངས་8136ཟིན་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་འགོ་ལས་མི་གྲངས་6300ལྷག་ཙམ་མང་དུ་ཕྱིན་ཡོད། 2015ལོར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་ཐད་ཡོང་འབབ་སྒོར་ཁྲི་7707.15བྱུང་སྟེ་ཡུལ་སྐོར་ཚོང་གཉེར་ནང་ཐད་ཀར་ཞུགས་མཁན་གྱི་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9473བྱུང་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་འགོ་ལས་ཁག་སོ་སོར་ལྡབ་10དང་3འཕར་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་དབུལ་སྐྱོར་འཆར་འགོད་ཀྱི་འཆར་འགོད་ཆུང་གྲས་ཡིན་པའི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་འཆར་འགོད་ཀྱིས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ལྡན་པའི་གྲོང་ཚོ་954ཡི་མང་ཚོགས་ཁྲི་6ལྷག་ཙམ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དང་། ཡུལ་སྐོར་ཐོན་ཟོག་ལས་སྣོན་བྱ་རྒྱུ། ཡུལ་སྐོར་ཞབས་ཞུ་བསྒྲུབ་རྒྱུ་སོགས་ཀྱི་རྣམ་གྲངས་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ་ཕ་ཡུལ་གྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་ཕྱུག་པོ་ཆགས་པ་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716