སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སློབ་ཆེན་གྱིས་ནུས་པ་ཀུན་བཏུས་ཀྱི་བོད་སྐད་མཉེན་ཆས་དང་པོ་བཏོན་འདུག
སྤེལ་དུས། 2016-11-07   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན།
          ཟླ་11ཚེས་3ཉིན། ལྷ་སར་བོད་ལྗོངས་སློབ་ཆེན་གྱིས་སྐད་བརྡ་དང་། ལག་བྲིས། སྦྱོར་བྲིས་བཅས་གསུམ་གཞི་གཅིག་ཏུ་བསྡུས་པའི་བོད་ཡིག་མཉེན་ཆས་དང་པོ་བཏོན་འདུག ནུས་པ་ཀུན་བཏུས་ཀྱི་བོད་སྐད་མཉེན་ཆས་དང་པོ་ཡིན་པ་དེས་མཉེན་ཆས་བོད་སྐད་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་གཅིག་གསབ་པ་རེད།
          ཤེས་རྟོགས་བྱུང་གསལ་ལྟར། མཉེན་ཆས་དེས་རིག་ནུས་ཀྱི་སྤྲིན་ཚོགས་སྟེགས་བུ་གཞིར་བཟུང་། སྐད་བརྡ་དང་། ལག་བྲིས། སྦྱོར་བྲིས་བཅས་གསུམ་གཞི་གཅིག་ཏུ་བསྡུས་ཁར། བོད་སྐད་ཀྱི་སྐད་བརྡའི་དབྱེ་འབྱེད་ལག་རྩལ་དང་། བོད་ཡིག་གི་ལག་བྲིས་དབྱེ་འབྱེད་ལག་རྩལ་གྲུབ་འབྲས་ཀྱང་བསྡུས་ཡོད་པ་དེས་སྤྱོད་མཁན་ལ་བཀོལ་སྤྱོད་སྟབས་བདེ་དང་གནད་ལ་འཁེལ་ཚད་མཐོ་བའི་མཉེན་ཆས་ཤིག་མཁོ་འདོན་བྱས་ཡོད།
          ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་ལྗོངས་སློབ་ཆེན་གྱི་སློབ་མ་དོན་གྲུབ་ཀྱིས་སྐད་བརྡ་དང་ལག་བྲིས་འཁྱུག་ཡིག་རྒྱག་སྟངས་སྟོན་པ་དང་། མཉེན་ཆས་དེས་དབྱེ་འབྱེད་བྱས་པ་བརྒྱུད་གནད་ལ་འཁེལ་ལ་མྱུར་ཚད་མགྱོགས་པོས་དབུ་ཅན་གསལ་བ་དང་གནད་ལ་འཁེལ་ཚད་97%ཟིན་གྱི་འདུག
          བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བློ་བཟང་སྐལ་ལྡན་གྱིས“སྐད་བརྡ་དང་ལག་བྲིས་ཕན་ཚུན་བརྗེ་རེས་ཐུབ་པའི་བོད་ཡིག་རྒྱག་ཐབས་དེ་སྔོན་མའི་སྦྱོར་བྲིས་ཀྱི་ཡི་གེ་རྒྱག་སྟངས་དང་མི་འདྲ་བར། རྒྱུན་དུ་བོད་ཡིག་རྒྱག་མཁན་ཚོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད”ཅེས་ཤོད་ཀྱི་འདུག
          ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་སློབ་ཆེན་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་1997ལོར《ཆ་འཕྲིན་ལག་རྩལ། ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་ཡིག་རྟགས་བསྡུས་མ་དང་གཞི་རྩའི་བསྡུས་མ》ཞེས་པའི་རྒྱལ་སྤྱིའི་ཚད་གཞི་ཞིབ་བཟོ་བྱས་པ་དེས་བོད་ཡིག་དེ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡའི་ནང་ནས་རྒྱལ་སྤྱིའི་ཨང་སྒྲིག་ཚད་གཞི་ལྡན་པའི་སྐད་དང་ཡི་གེ་དང་པོར་གྱུར་པ་རེད། དེ་རྗེས་ཁོང་ཚོས་སླར་ཡང་ལས་སྟེགས་ལས་བརྒལ་བའི་བོད་ཡིག་རྒྱག་སྟངས་མ་ལག་དང་། བོད་ཡིག་གི་དབྱེ་འབྱེད་མ་ལག བོད་ཡིག་གིOfficeགཞུང་དོན་མཉེན་ཆས་ཆ་ཚང་སོགས་ཚད་གཞི་དང་མཐུན་པ་དང་། ལག་རྩལ་བསྡུས་ཚད་མཐོ་བ། སྤྱོད་གོ་ཆོད་པ་བཅས་ཀྱིས་བོད་ཡིག་ཐག་གཅོད་ལག་རྩལ་གྱི་ཐོན་རྫས་དང་བཀོལ་སྤྱོད་མ་ལག་ཁག་གཅིག་ཞིབ་བཟོ་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716