སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་བོད་སྦྲེལ་དྲ་ལས་གཞི་འཁོར་སྐྱོད་ལོ5བྱས་རིང་བོད་ལྗོངས་ལ་གློག་ཏུའུ་དུང་ཕྱུར35ཉེ་བ་མཁོ་འདོན་བྱས།
སྤེལ་དུས། 2016-12-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          ད་ལོའི་ཟླ12པའི་ཚེས9ཉིན། “མཁའ་ལམ་གློག་ཤུགས” མཚོ་བོད་སྦྲེལ་དྲ་ལས་གཞི་བདེ་འཇགས་ངང་འཁོར་སྐྱོད་ལོ5བྱས་རིང་།  སྡེབ་རྩིས་ལྟར་ན་བོད་ལྗོངས་ལ་གློག་ཚད་སྟོང་ཝ་དུང་ཕྱུར35ཉེ་བ་མཁོ་འདོན་བྱས་པ་དང་།  2015ལོའི་ཟླ6པའི་ཚེས1ཉིན་མཚོ་བོད་སྦྲེལ་དྲ་ལས་གཞི་ལེགས་འགྲུབ་བྱུང་ནས་གློག་ཤུགས་ཕྱིར་གཏོང་འགོ་བརྩམས་པ་ནས་བཟུང་། མིག་སྔའི་བར་སྡེབ་རྩིས་ལྟར་ན་ཆུ་གློག་ནི་སྟོང་ཝ་དུང་ཕྱུར10ལ་ཕྱིར་བཏང་ཟིན། 
          2020ལོའི་བར། བོད་ལྗོངས་ཀྱིས་གློག་དྲའི་འཛུགས་སྐྲུན་གཅིག་གྱུར་བྱེད་པའི་དམིགས་ཡུལ་ལེགས་གྲུབ་བྱུང་པ་དང་བསྟུན། བོད་ལྗོངས་ཀྱི་གློག་དྲ་གཙོ་བོ་དེ་ལྗོངས་ཡོངས་ཀྱི་རྫོང་74ཡི་ཤང་དང་གྲོང་བརྡལ་མཐུད་ནས་ལྗོངས་ཡོངས་ཀྱི་མི་གྲངས97%ལ་ཁྱབ་ཐུབ་རྒྱུ་ཡིན་ལ།   རྫོང་ཁོངས་ཀྱི་གློག་དྲར་མ་མཐའ་ཡང་སྟོང་ཧྥུ110ཅན་གྱི་གློག་ལམ་གཉིས་ཀྱི་གློག་མཁོ་འདོན་བྱས་ཐོག  གློག་འདོན་ནུས་ཤུགས་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་གྱི་ཇེ་མཐོར་ཕྱིན་ནས་གཞི་རྩའི་སྟེང་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ངེས་རེད།
          མཚོ་བོད་སྦྲེལ་དྲ་ལས་གཞི་འཁོར་སྐྱོད་བྱེད་འགོ་ཚུགས་པ།
          མཚོ་བོད་སྦྲེལ་དྲ་ལས་གཞི་ནི་རྩ་བའི་སྟེང་བོད་ལྗོངས་ཀྱི་གློག་ཤུགས་དགོས་མཁོའི་འགལ་འདུ་སེལ་པ་དང་། གློག་ཁུངས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པ།  དུས་ཡུན་འབྲིང་རིང་གི་གློག་ཤུགས་མཁོ་འདོན་ལ་ཁག་ཐེག་བྱེད་པ།  བོད་ལྗོངས་ཀྱི་ཐན་ཉུང་དཔལ་འབྱོར་ལ་སྐུད་འདེད། ནུས་ཁུངས་གྲོན་ཆུང་མངོན་འགྱུར་བྱེད་པ། ལྗང་མདོག་གི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་པའི་གནད་འགག་ལས་གཞི་ཞིག་ཡིན་ལ། མིག་སྔའི་བར་འཛམ་གླིང་སྟེང་འཛུགས་སྐྲུན་ལེགས་གྲུབ་བྱུང་པའི་ས་བབ་ཆེས་མཐོ་ཞིང་། འཛུགས་སྐྲུན་དཀའ་ཁག་ཆེས་ཆེ་བའི་གློག་འདོན་ལས་གཞི་ཞིག་ཡིན་ཏེ། མིག་སྔར་བོད་ལྗོངས་ཀྲུང་གོའི་གློག་དྲ་དང་ནུབ་བྱང་གློག་དྲའི་གནད་འགག་ལས་གཞི་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་ལ་སྐུལ་འདེད་བྱེད་པ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོངས་སྐྱོད་རང་བཞིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཐབས་ཇུས་་དོན་སྙིང་དང་དངོས་ཡོད་དོན་སྙིང་གལ་ཆེན་ཞིག་ལྡན་པ་རེད།  
          ལས་གཞི་ལེགས་འགྲུབ་མ་བྱུང་བའི་སྔོན། བོད་ལྗོངས་ཀྲུང་གོའི་གློག་དྲ་ནི་དྲ་བ་རྐྱང་པའི་ངོས་ནས་འཁོར་སྐྱོད་བྱས་ཏེ་དྲ་ནང་གློག་ཁུངས་སྒྲིག་གཞི་དང་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ཐད་ཀྱི་ཤུགས་རྐྱེན་ཐེབས་ཡོད་ལ།   ཡུན་རིང་བོར་གློག་འདོན་དཀའི་བའི་འགལ་ཟླ་འབུར་དུ་ཐོན་ཡོད་པ་དང་། ལྷག་དོན་དགུན་དཔྱིད་དུས་ཚིགས་སུ་བོད་ལྗོངས་ཀྲུང་གོའི་གློག་དྲའི་གློག་ཤུགས་དཀོན་ཚད30%ཡི་ཡན་ལ་སླེབས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་བཀག་རྒྱ་ཆེན་པོ་ཐེབས་ཡོད་པ་རེད། 2011ལོའི་ལོ་མཇུག་ཏུ། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གཞི་འཁོར་སྐྱོད་ལེགས་གྲུབ་བྱུང་པ་དེས་ བོད་ལྗོངས་ཀྲུང་གོའི་གློག་དྲའི་དྲ་བ་རྐྱང་པའི་འཁོར་སྐྱོད་ཀྱི་ལོ་རྒྱུས་རྨང་ནས་མཇུག་རྫོགས་ཏེ་བོད་ལྗོངས་ཀྲུང་གོའི་གློག་དྲའི་གློག་ཤུགས་མཁོ་འདོན་གྱི་གནས་བབ་ཛ་དྲག་བཅོས་སྒྱུར་བྱུང་ཡོད་པ་རེད།
          མཚོ་བོད་སྦྲེལ་དྲ་ལས་གཞི་འཁོར་སྐྱོད་བྱེད་འགོ་ཚུགས་པ་དེས་བོད་ལྗོངས་ཀྲུང་གོའི་གློག་དྲ་དང་ནུབ་བྱང་གློག་དྲའི་སྦྲེལ་དྲ་མངོན་འགྱུར་བྱུང་པ་དང་། དེ་ནི་རྒྱལ་ཡོངས་གློག་དྲའི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཐབས་ཇུས་ལས་གཞི་གལ་ཆེན་ཞིག་སྟེ། བོད་ལྗོངས་ཀྲུང་གོའི་གློག་དྲའི་ཐོན་ཁུངས་ལེགས་སྒྲིག་ནུས་ཤུགས་དེ་མངོན་གསལ་གྱིས་ཇེ་མཐོར་བཏང་ཡོད་ལ། དེས་ནི་བོད་ལྗོངས་དབུས་རྒྱུད་ས་ཁུལ་གྱི་་དགུན་དཔྱིད་དུས་ཚིགས་སུ་གློག་དཀོན་པའི་གནས་ཚུལ་དེ་རྩ་བ་ནས་ཐག་གཅོད་བྱས་པ་མ་ཟད། བོད་ལྗོངས་ཀྱི་ནུས་ཁུངས་གཙང་མ་ཐོན་སྤེལ་དང་བེད་སྤྱོད་ཐད་ཆ་རྐྱེན་ལེགས་པོ་བསྐྲུན་ངོར།  བོད་ལྗོངས་ཀྱི་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་དེ་ཉིད་དཔལ་འབྱོར་དགེ་མཚན་དུ་བསྒྱུར་ནས་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྩལ་ཡོད་ཅིང་།  བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་མཛད་ཡོད་པ་རེད།
          མི་མེད་གནམ་གྲུས་སྐོར་ཞིབ་ཀྱི་རྣམ་པ་གསར་པས་གློག་ཤུགས་མཁོ་འདོན་ལ་ཁེག་ཐེག་མཛད་པ།
          རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མཚོ་བོད་སྦྲེལ་དྲ་ལས་གཞི་བདེ་འཇགས་བརྟན་བརླིང་སྒོས་འཁོར་སྐྱོད་ལ་ཁག་ཐེག་བྱེད་པ་དེ་ལས་ཀའི་ཁྲོད་ཀྱི་གནད་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྱེན་འཕུར་གནམ་གྲུ་དང་མི་མེད་གནམ་གྲུ སོགས་ཕན་ཚུན་མཉམ་འབྲེལ་གྱི་སྐོར་ཞིབ་ཀྱི་རྣམ་པ་གསར་པ་སྤྱད་དེ་བོད་ལྗོངས་གློག་དྲའི་སྒྲིག་ཆས་ཀྱི་ལག་རྩལ་དང་། རིག་ནུས་ལག་རྩལ།བརྡ་འཕྲིན་ལག་རྩལ་བཅས་རིམ་སྤར་རབས་རྗེས་བྱེད་པར་སྐུལ་འདེད་གང་ལེགས་གནང་པས་གློག་དྲའི་དྲ་སྒྲོམ་གྱི་སྒྲིག་གཞི་དང་། བདེ་འཇགས་ཀྱི་ཆུ་ཚད། བྱེད་ནུས་ཀྱི་རྣམ་པ་བཅས་ལ་ཡང་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་ལ། གློག་ཤུགས་བདེ་འཇགས་མཁོ་འདོན་བྱེད་པར་ཁག་ཐེག་མཛད་དེ་ལས་གཞི་དེ“ནུས་པ་སྦྱིན་པ”ནས“ནུས་པ་གཏོང་པར”མངོན་འགྱུར་བྱུང་ནས།  བོད་ལྗོངས་གློག་དྲ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་བ་གཏོད་པ་དང་།  ཁྲོན་བོད་སྦྲེལ་དྲའི་ལས་གཞི་འདོན་པ་དང་འཛུགས་སྐྲུན་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་སྤྲོད་བྱས་བརྒྱུད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང“མཁའ་ལམ་གློག་ཤུགས”ཀྱི་ལས་གཞི་ལེགས་འགྲུབ་འཁོར་སྐྱོད་བྱུང་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”བོད་ལྗོངས་ཀྲུང་གོའི་གློག་དྲ་དང་ཆབ་མདོ་གློག་དྲའི་སྦྲེལ་དྲ་མགྱོགས་མྱུར་སྒོས་མངོན་འགྱུར་བྱུང་པ་དང་།   རིག་ནུས་བརྟན་པའི་བོད་ལྗོངས་ཀྱི་གཅིག་གྱུར་གློག་དྲ་འཛུགས་པར་རྟིང་སྐུལ་གང་ལེགས་གནང་པ་རེད།
          “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། མཚོ་བོད་སྦྲེལ་དྲ་ལས་གཞིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ནུས་ཁུངས་གློག་ཤུགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། དེ་བས་ཀྱང་བོད་ལྗོངས་ཀྱི་ཆུ་གློག་དང་རླུང་གློག་སོགས་ནུས་ཁུངས་གཙང་མ་ཐོན་སྤེལ་དང་བེད་སྤྱོད་ཐད་ཞབས་ཞུའི་འགན་སྲུང་གནང་ཡོད། “ནུས་པ་སྦྱིན་པ”ནས“ནུས་པ་གཏོང་པའི”བར་བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྩལ་ཡོད་པ་རེད། ལོ་ངོ5ཡི་རིང་།  ལས་གཞི་འདིས་སྡེབ་རྩིས་བྱས་པ་ལྟར་ན་བོད་ལྗོངས་ལ་གློག་ཚད་སྟོང་ཝ་དུང་ཕྱུར35ཉེ་བ་མཁོ་འདོན་བྱས་པ་དང་། རྡོ་སོལ་སྤྱོད་ཚད་ལ་བཅག་ན་ཏུན་ཁྲི43ལ་ཉེ་བ་གྲོན་ཆུང་བྱས་ཡོད་པ། དབྱང་གཉིས་ཐན་རྫས་ཏུན་ཁྲི345ཉེ་བ་ཕྱིར་གཏོང་ཚད་ཇེ་ཉུང་དུ་བཏང་པ། སྡེབ་རྩིས་བྱས་ན་གློག་ཚད་སྟོང་ཝ་དུང་ཕྱུར10ཕྱིར་མཁོ་འདོན་བྱས་ཤིང་། དེ་དག་ཡོད་ཚད་ནི་ཆུ་གློག་དང་།  འོད་ཤུགས་སོགས་གློག་གཙང་མའི་རིགས་ཡིན་པས་ན་བོད་ལྗོངས་ཀྱི་་གློག་ཤུགས་ནུས་ཁུངས་གཙང་མར་ཕྱོགས་པར་སྐུལ་འདེད་གང་ལེགས་གནང་ནས་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་དེ་ཉིད་དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་མངོན་འགྱུར་བྱུང་ཡོད་པ་རེད། མིག་སྔར། བོད་ལྗོངས་ཆུ་གློག་ས་ཚིགས་ཀྱི་གློག་འདོན་འཕྲུལ་འཁོར་སྟོང་ཝ་ཁྲི168ལས་བརྒལ་པ་དང་། འོད་ཤུགས་གློག་འདོན་ས་ཚིགས་ཀྱི་གློག་འདོན་འཕྲུལ་འཁོར་སྟོང་ཝ་ཁྲི27ལ་སླེབས་ཡོད་པ་རེད།
          2011ལོའི་ལོ་མཇུག་ནས་ད་བར་དུ་བོད་ལྗོངས་ཀྲུང་གོའི་གློག་དྲས་གློག་ཤུགས་མཁོ་འདོན་འདང་ངེས་ཡིན་ལ།  2015ལོར་ཐོག་མར་གློག་ཤུགས་ཕྱིར་འདོན་བྱས་ཏེ། བོད་ལྗོངས་ཀྲུང་གོའི་གློག་དྲས་ཆེས་མཐོ་བའི་གློག་ཤུགས་ཐེག་ཚད་དེ་བསྟུད་མར་ལོ5ཡི་རིང་ལ་ལོ་རྒྱུས་ཀྱི་གྲངས་ཚད་གསར་ཤོས་ཏེ་སྟོང་ཝ་ཁྲི84ལ་སླེབས་པ་དང་། གློག་ཤུགས་མཁོ་འདོན་གྱིས་གཞི་རྩའི་སྟེང་བོད་ལྗོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པར་གྱུར་ནས་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་ཁེ་ལས་དང་སྡོད་དམངས་ཀྱི་གློག་བཀོད་བའི་དགོས་མཁོ་སྔར་བས་མཁོ་ཚིམ་པར་གྱུར།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716