སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“འཛམ་གླིང་ཡང་རྩེའི”སྟེང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས།
སྤེལ་དུས། 2017-03-22   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
—— སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་སྐོར་གྱི་རིམ་སྤེལ་གནས་ཚུལ་འགོད་ཐེངས་དང་པོ།
          སྔོ་ཐིང་ཐིང་གི་ནམ་མཁར་སྤྲིན་དཀར་ཚོམ་བུར་འཁྲིགས་པ་དང་ནོར་ལུག་ཁྱུ་དང་ཁྱུ་ཡངས་པའི་རྩྭ་ཐང་ཐོག་བག་ཕེབས་ངང་རྩྭ་ཟ་བཞིན་མཆིས། ཤང་སྲིད་གཞུང་གི་ཐང་ཆེན་དུ“འཛམ་གླིང་ཡང་རྩེའི་5373”ཞེས་པའི་མངོན་གསལ་དོད་པའི་རྡོ་རིང་འགྱིངས་ངེར་གནས་པ་དང་གཡའ་དག་པའི་མཁའ་དབྱིངས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཤང་ཕུ་མ་བྱང་ཐང་ཤང་ཡིན།
          དེ་གར་ནི་ནམ་མཁའ་དང་བར་ཐག་ཉེ་ཤོས་ཀྱི་ས་ཆ་ཡིན་ཞིང་། དེར“དཀའ་ཚེགས་ཅན་གྱི་ཡུལ”ཞེས་བརྗོད་ཀྱི་ཡོད། ས་གཞི་ཆེ་མོ་དེའི་སྟེང་རིམ་བཞིན་འགྱུར་ལྡོག་འགྲོ་བ་དེ་ནི་མི་ཡུལ་གྱི་ངོ་མཚར་ཡིན་པ་དང་དེ་གའི་གཏམ་རྒྱུད་ལ་འཇིག་རྟེན་སྐྱེ་བོ་ཀུན་གྱིས་བསྟོད་གླུ་ལེན་བཞིན་མཆིས།
          དཔྱིད་ཟླ་གསུམ་པར་སྐྱེ་དངོས་སྣ་ཚོཌ་སླར་གསོ་ཡོང་བ་དང་མེ་ཏོག་རྣམ་པར་བཀྲ་བའི་དུས་ཚིགས་སུ་ཕུ་མ་བྱང་ཐང་དུ་སྔར་བཞིན་གྲང་ངར་ཆེ་བ་དང“3·11”ཁ་བ་བུ་ཡུག་དྲག་པོ་འཚུབ་པས་སྤྱི་ལེ་ངོས་གྲུ་1200ཡོད་པའི་ས་གཞི་དེ་ཁ་བས་ཡོངས་སུ་བཀླུབས།
          གངས་འགོག་གེགས་སེལ་དུ་བསྐྱོད་དེ་ལོག་སླེབས་པའི་ཤང་ཏང་ཨུད་ཀྱི་ལས་དོན་མི་སྣས་མེ་ཐབ་བསྐོར་ནས་ཤང་དེ་ཡོངས་ཀྱི་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བྱེད་པ་དང་ཚང་མས་གཟན་རྩྭ་དང་གཟན་ཆག་དུས་ཐོག་ཏུ་སྤྲད་པ་དང་ཕྱུགས་ཟོག་དུས་ཐོག་ཏུ་གནས་སྤོས་པས་ཤང་དེ་ཡོངས་ཀྱི་འབྲོག་དུད་284ཚང་མར་གྱོང་གུན་གང་ཡང་ཕོག་མེད་སྟབས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།
          ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྐལ་བཟང་མཆོག་ལགས་ཀྱིས“ས་བབ་མཐོ་པོ་དེ་ལྟ་བུར་ལས་ཀ་གང་ཞིག་སྒྲུབ་ཀྱང་དཀའ་ཚེགས་ཧ་ཅང་ཆེ་བས་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས་ལ་དཀའ་ངལ་དེ་བས་མང་བ་ཁྱད་དུ་བསད་དགོས་ཀྱི་ཡོད”ཅེས་ཕུ་མ་བྱང་ཐང་གི་ལས་སྒྲུབ་ལས་གཏོད་ཐད་ཀྱི་དཀའ་ཚེགས་ཆེ་བའི་ལས་ཀར་མྱོང་ཚོར་ཆེན་པོས་བཤད།
          “མི་སེར་གྱི་རྟེན་ས་གཙོ་བོ་ཡིན་པས་མང་ཚོགས་སྣེ་ཁྲིད་དེ་ཕ་ཡུལ་དེ་བས་འཛུགས་སྐྲུན་ཡག་པོ་བྱེད་དགོས”
          དེས་ན་དེ་གར་ཤང་དེ་ཡོངས་ཀྱི་ལས་བྱེད་པ་36དང་ས་གནས་སུ་བཅའ་སྡོད་དཔོན་དམག་8དང་། དེ་བཞིན་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་དང་ཤང་གི་སྨན་པས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཤང་དེ་ཡོངས་ཀྱི་མང་ཚོགས་1031གི་སྣེ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མཐའ་མཚམས་དང་རྒྱལ་ཁབ་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་ཡོད།
          ས་མཚམས་གྲོང་ཚོའི་སྟོབས་ཆེན་ཁྱིམ་གྱི་ཇ་ཁང་ནང་། “ངེད་ཚོའི་ལས་བྱེད་པ་ཚང་མ་གཅིག་ལས་གཅིག་ཡག་པ་འདུག ཁོང་ཚོའི་སྣེ་ཁྲིད་འོག་ངེད་ཚོའི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་དེ་འདྲ་བྱུང་བས་ཁོང་ཚོ་ནི་ངོ་གནོང་མི་དགོས་པའི་ང་ཚོའི་རྟེན་ས་གཙོ་བོ་ཞིག་རེད”ཅེས་གྲོང་མི་ཚོས་ཁ་བརྡར་གློད་བཞིན་ཡོད།
          “སྔོན་ཆད་ཕུ་མ་བྱང་ཐང་ལ་ལམ་དང་གློག་མེད་པས་རྩམ་པ་དང་། མར། ནོར་ལུག་གི་ཤ་མ་གཏོགས་དེ་མིན་གྱི་གདམ་ག་གཞན་གང་ཡང་མེད། སྔོ་ཚལ་ཟ་རྒྱུ་བྱུང་བ་ནི་ལས་སླ་པོ་མིན་པས་ཟས་རིགས་གཞན་ནི་དེ་བས་གླེང་ཐབས་བྲལ”ཞེས་ཇ་ཁང་གི་སྦྱིན་བདག་སྟོབས་ཆེན་གྱིས་མྱོང་ཚོར་ཆེན་པོས་བཤད། “ད་ཆ་རྫོང་གྲོང་དུ་འགྲོ་སའི་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་མ་ཟད། ཨར་འདམ་ལམ་ཡང་སྒོ་འགྲམ་དུ་སྐྲུན་ཡོད། གློག་སྒྲོན་སྟབས་བདེ་ལ་གཙང་སྦྲ་དོད་པ་དང་ཁྱིམ་དུ་ཇ་ཁང་བཙུགས་ཐུབ་པ་མ་ཟད། ཚོང་ཁང་ཡང་གཉེར་སྐྱོང་བྱས་པས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་འཕར་བྱུང”ཞེས་བཤད།
          སྟོབས་ཆེན་གྱིས་བཤད་པའི་ལམ་དེ་ནི་ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་སྐབས་ཁ་ཤས་ཀྱིས་སེམས་ཁྲལ་བྱེད་སའི་ལམ་དེ་ཡིན་པ་དང་། དེ་སྔ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱེད་མྱོང་བའི་ཚེ་རིང་ནོར་བུ་དང་ལི་ཞའོ་ཧྭ། དེ་བཞིན་ད་ལྟའི་ཧྲུའུ་ཅི་སྐལ་བཟང་མཆོག་ལགས་ཀྱིས་གནད་དོན་དེའི་ཐད་དཀའ་ལས་མང་པོ་བརྒྱབ་ཡོད། 2015ལོའི་ཟླ་10པར། ཤང་ནས་རྫོང་བར་གྱི་སྣུམ་ནག་ལམ་སྐྲུན་ཟིན་པས་ལམ་ངོས་གཙང་མ་ཡོད་པ་མ་ཟད། ལམ་ཐག་ཀྱང་དེ་སྔའི་ཆུ་ཚོད་གསུམ་བཞི་ནས་ད་ཆ་ཆུ་ཚོད་གཅིག་ཀྱང་འགོར་གྱི་མེད་པའི་བར་ཐུང་དུ་སོང་ཡོད།
          “སེམས་ཐག་བཅད་ནས་འདིར་ཡོང་བས་ངས་མང་ཚོགས་ཀྱི་ཆེད་དུ་བྱ་བཟང་སྒྲུབ་པ་དང་ཞབས་འདེགས་ཡག་པོ་གང་ཐུབ་ཞུ་རྒྱུ་ཡིན”ཞེས་ཤང་ཀྲང་ཧུའུ་ཧྥེང་པའོ་ཡིས་ན་ནིང་ཟླ་6པར་ཕུ་མ་བྱང་ཐང་ཤང་དུ་སླེབས་སྐབས་དེ་གར་རྩ་བ་འཛུགས་རྒྱུའི་སེམས་ཐག་བཅད།
          ཐོག་མར་དེ་གར་འབྱོར་མ་ཐག་ལ་དུག་ཚབས་ཆེན་ཕོག་པར་མི་འཛེམས་པར་ཧུའུ་ཧྥེང་པའོ་ཡིས་གྲོང་ཚོ་6གི་དུད་ཚང་284ཡི་མང་ཚོགས་ལ་འཚམས་འདྲི་བྱས་པས་ཟླ་གཅིག་ལྷག་ཙམ་ནང་གཞི་ནས་འཚམས་འདྲི་བྱེད་མཇུག་འགྲིལ་བ་རེད། ཧུའུ་ཧྥེང་པའོ་ཡིས“ཤར་གསོ་གྲོང་ཚོ་ནི་ཤང་སྲིད་གཞུང་དང་ཐག་རིང་ཤོས་ཀྱི་གྲོང་ཚོ་ཡིན་པ་དང་། སྤྱི་ལེ་60ལྷག་ཙམ་གྱི་རི་ལམ་དུ་ཉིན་ཕྱེད་ཙམ་འགོར་གྱི་ཡོད་པས་སྟབས་ལེགས་པ་ཞིག་ལ་འདི་ལོའི་ལོ་མཇུག་ཏུ་འདི་གར་སྣུམ་ནག་ལམ་ཤར་གཏོང་ཐུབ་རྒྱུ་རེད”ཅེས་བཤད།
          “ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ཚེ་གཞི་ནས་ལེགས་སྐྱེལ་འབུལ་བའི་རིན་ཐང་ཤེས་ཐུབ”སྐལ་བཟང་མཆོག་ལགས་ཀྱིས“ཕུ་མ་བྱང་ཐང་དུ་སྐྱོད་པ་དང་མང་ཚོགས་ཀྱི‘རྟེན་ས’བྱས་པས་འདི་གར་འཛུགས་སྐྲུན་ཡག་པོ་བྱེད་དགོས”ཞེས་བཤད། ལོ་གསུམ་གྱི་དུས་ཚོད་ནང་སྐལ་བཟང་མཆོག་ལགས་ཀྱི་སྣེ་ཁྲིད་འོག་ཕུ་མ་བྱང་ཐང་ཤང་དུ་ལོ་རེར་རྣམ་པ་རེ་འགྱུར་བ་དང་། དྲོད་ལྡན་ལྷས་ར་37དང་། གཟན་རྩྭ་གསོག་འཇོག་མཛོད་7 ཕྱུགས་འཚོ་ཁང་པ་34 ལས་བྱེད་ལས་བཟོའི་སྡོད་ཁང་ཆ་ཚང་18དང་། ཤང་འཕྲོད་བསྟེན་ཁང་གི་མཐོ་སྣོན་གསོ་རླུང་ཁང་། མཐའ་མཚམས་ཚོང་དོན་ཐང་ཆེན། གཞི་རིམ་ཁྲིམས་ཁང་བཅས་སྐྲུན་པ་རེད།
          “འདི་ག་ནི་ང་ཚོའི་རྩ་བ་ཡིན་པས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་རྒྱུ་ནི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན”
          ཕུ་མ་བྱང་ཐང་གི་འབྲོག་པ་རྣམས་ཀྱིས་དུས་ཡུན་རིང་པོའི་ནང་སྒུག་རྟེན་སློང་གསུམ་མ་བྱས་པར་རྩྭ་ཐང་གི་འོད་སྟོང་འབར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བྲིས་ཡོད། “ངའི་དྲན་ཤེས་དང་རྒན་རབས་ཀྱི་ཤོད་རྒྱུན་ལྟར་ན། ང་ཚོའི་ཁྱིམ་ནི་རྩྭ་ཐང་ཐོག་གུར་བརྒྱབ་ནས་སྡོད་ཀྱི་ཡོད་ལ། གང་དུ་རྩྭ་ཆུ་བཟང་བ་དེ་གར་སྐྱས་སྤོ་བ་དང་། མཐོ་གྲང་གསོ་རླུང་དཀོན་པའི་གནམ་གཤིས་ཀྱིས་ང་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད”ས་ཁུང་གྲོང་ཚོའི་ལོ་74ལ་སླེབས་པའི་ཨ་མ་རྒད་མོ་དཀར་བསྟན་གྱིས“ཕྱིར་སྐྱོད་དཀའ་བས་ནད་ཕོག་ཀྱང་སྡུག་རུས་བྱེད་དགོས་པ་མ་ཟད། ང་ཚོའི་ཡུལ་ཐབས་ལ་བརྟེན་ནས་སྨན་བཅོས་བྱེད་དགོས་ཀྱི་ཡོད་པས་དྲག་སྐྱེད་ཐུབ་མིན་རང་ཉིད་ཀྱི་ལས་དབང་ལ་རག་ལུས་ཡོད”ཅེས་བཤད།
          དཀའ་ཚེགས་ཆེ་བའི་ཆ་རྐྱེན་དེ་འདྲའི་འོག་ཕུ་མ་བྱང་ཐང་གི་མིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ལ་མའི་ཁང་པ་ནས་ད་ཆའི་རྡོ་ཤིང་ལས་གྲུབ་པའི་ཁང་གསར་བར་གྲང་རླུང་འགོག་ཐུབ་པ་མ་ཟད། སྐྱས་སྤོའི་འབྲོག་པ་ནས་གཞིས་ཆགས་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
          གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨོ་རྒྱན་གྱིས་གྲོང་ཚོ་ཨུ་ལྷན་བདུན་གྱི་རྒྱ་ཆེ་བའི་རྩྭ་ཐང་ལ་མཛུབ་མོ་བཙུགས་བཞིན་དུ་རྒན་རྒོན་ཚོས་ཤོད་པ་ལྟར་ན། ངའི་མི་རབས་གོང་མས་མདུན་ངོས་ཀྱི་ཕུ་མ་གཡུ་མཚོ་དང་རྒྱ་ཆེ་བའི་རྩྭ་ཐང་མཐོང་རྗེས་འདི་གར་གཞིས་ཆགས་རྒྱུའི་སེམས་ཐག་བཅད་ཡོད་ཅེས་བཤད།
          ན་མོ་ཆེ་གྲོང་ཚོ་ནི་ཤང་གི་རྫོང་གྲོང་དང་བར་ཐག་ཉེ་ཤོས་ཀྱི་གྲོང་ཚོ་ཡིན་པ་དང་། གྲོང་ཚོར་བསྐྱོད་རྗེས་སྒོ་ཁའི་བར་བཏིང་པའི་ཨར་འདམ་ལམ་ངོས་གཙང་ཞིང་གྲལ་བསྒྲིགས་པོ་ཡོད་པ་དང་། ལོ་58ལ་སླེབས་པའི་རྒད་པོ་སྤེན་པ་དོན་གྲུབ་ཀྱིས་རྫོང་དུ་ལས་ཀ་བྱེད་པའི་ཕྲུ་གུར་ཁ་པར་རྒྱག་བཞིན་འདུག
          གྲོང་ཚོའི་ལས་བྱེད་པ་བྱས་ནས་ལོ་24སོང་བའི་སྤེན་པ་དོན་གྲུབ་ལ་ན་མོ་ཆེའི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བ་དང་། ཁོང་གིས“དེ་སྔ་ཕྱིར་སྐྱོད་བྱེད་སྐབས་མི་རྟས་རྡོག་ཁྲེས་རྒྱབ་འཁུར་བྱེད་དགོས་ཀྱི་ཡོད་པ་དང་སྡོད་གནས་གཏན་འཁེལ་མེད་པས་ཤང་དུ་ཚོགས་འདུར་འགྲོ་སྐབས་རི་བརྒལ་བ་ཁོ་ནར་ཉིན་གང་འགོར་གྱི་ཡོད། ད་ཆ་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་ཤང་གིས་སྐྱེལ་འདྲེན་དང་ཚོང་རྒྱག་གི་ཡོད་པས་ཚང་མས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རང་ལ་དབང་བའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་བཞིན་ཡོད”ཅེས་བཤད།
          ས་མཚམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རྡོ་རྗེ་ཕུན་ཚོགས་གྲོང་ཚོའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་ཁོང་བློ་རིག་གསལ་བ་མ་ཟད། ད་དུང་ཕྱུག་འགྱུར་གྱི་ཐབས་ལམ་ཡང་མང་པོ་ཡོད། ཉེ་བའི་ལོའི་ནང་རང་ཉིད་ཀྱི་ཁྱིམ་ཚང་ཕྱུག་པོ་ཆགས་པ་མ་ཟད། ད་དུང་ཉེ་འཁོར་གྲོང་ཚོའི་དུད་ཁྱིམ་ཉི་ཤུ་སུམ་ཅུའི་མང་ཚོགས་སྣེ་ཁྲིད་དེ་ཇ་ཁང་བཙུགས་པ་དང་། ཚོང་ཁང་བཙུགས་པ། སྐྱེལ་འདྲེན་ལས་ལ་གཞོལ་ཡོད། གྲོང་མི་པ་སངས་དོན་གྲུབ་ནི་དེ་སྔོན་ལོ་ལྟར་སྐྱོབ་གསོར་བརྟེན་ནས་འཚོ་བ་སྐྱེལ་ཐབས་བྱས་ནས་ཁྱིམ་ཚང་ནང་གི་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་རྒྱུར་ལྟ་རྟོག་མི་བྱེད་ཁར་ལག་དངུལ་ཡོད་ཚེ་གཏོར་རྐྱང་བྱེད་ཀྱི་ཡོད། ཉེ་འཁོར་གྱི་གྲོང་པ་ཁྱིམ་མཚེས་རིམ་བཞིན་ཕྱུག་པོ་ཆགས་པ་མཐོང་སྐབས་ཁོ་བོས་རང་འགུལ་ངང་རྡོ་རྗེ་ཕུན་ཚོགས་བཙལ་ཏེ“ཕྱུག་འགྱུར་ལམ་བུའི”སྐོར་སྐད་ཆ་དྲིས། ད་ཆ་པ་སངས་དོན་གྲུབ་ཀྱི་དཀར་ཆུའི་ཟས་རིགས་ཀྱི་ཚོང་ཁོ་ནར་ལོ་རེར་ཡོང་འབབ་སྒོར་8000ལྷག་ཙམ་ཟིན་ནས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད།
          “ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ཕུ་མ་བྱང་ཐང་གི་འབྱོར་འབྲིང་ཕུགས་འདུན་མཉམ་དུ་འགྲུབ་རྒྱུ་ནི་ང་ཚོ་ཚང་མའི་དོན་གཉེར་ཞིག་རེད”
          མཚོ་མགོ་གྲོང་ཚོའི་གསར་དུ་བསྐྲུན་པའི་ཨར་དམ་ལམ་བུ་བརྒྱུད་ང་ཚོ་ཟླ་བ་སྒྲོལ་མའི་ཁྱིམ་དུ་འབྱོར།
          སྒོ་འཛུལ་མ་ཐག“ཆ་སྒྲིག་རོགས་སྐྱོར་གྱི་ཡོངས་བསྒྲགས་བྱང་བུ”དང“དབུལ་སྒྲོལ་དུད་ཚང་གི་ཆ་འཕྲིན་གསལ་འགོད་རེའུ་མིག”མངོན་གསལ་དོད་ས་ཞིག་ཏུ་བཀལ་ཡོད་པ་འདུག དེའི་ཐོག་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་གྱི་ཁ་གཏད་ཀྱི་མིང་དང་། ལས་རིགས། རོགས་སྐྱོར་བྱ་ཐབས། ཁྱིམ་ཚང་གི་ཟླ་རེའི་ཡོང་འབབ་ཡོང་ཁུངས། གཏོང་སྒོ ལྷག་དངུལ་སོགས་ཀྱི་ཆ་འཕྲིན་ཞིབ་ཚགས་བཀོད་འདུག
          རོགས་སྐྱོར་ཆ་འཕྲིན་གསལ་འགོད་རེའུ་མིག་ཐོག་ནས་གསར་འགོད་པས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཅིང་གི་མིང་མཐོང་བ་དང་། ཁོང་གི་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ཟླ་བ་སྒྲོན་མ་རེད། རང་ཉིད་ཀྱི་རོགས་སྐྱོར་བྱེད་མཁན་སྐོར་གླེང་སྐབས་ཟླ་བ་སྒྲོལ་མར་བརྗོད་རྒྱུ་མང་པོ་ཡོད་ཅིང་། དེ་སྔོན་ཟླ་བ་སྒྲོལ་མའི་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་3000ལྷག་ཙམ་ལས་མ་ཟིན་པས་འཚོ་བ་ཧ་ཅང་དཀའ་ངལ་ཆེན་པོ་ཡོད། ཐེངས་ཤིག་གཤམ་སྐྱོད་བྱེད་པའི་བརྒྱུད་རིམ་ནང་ཝང་ཅིང་གིས་གནས་ཚུལ་དེ་ཤེས་ནས་རང་འགུལ་ངང་ཟླ་བ་སྒྲོལ་མ་རང་ཉིད་ཀྱི་རོགས་སྐྱོར་བྱ་ཡུལ་དུ་བརྩིས། ན་ནིང་ཟླ་11པར་ཝང་ཅིང་མི་སྒེར་གྱིས་སྒོར་10000བཏང་ནས་ཁྲོ་ཐབ་སོགས་ཀྱི་མཁོ་ཆས་ཉོས་ཏེ་ཟླ་བ་སྒྲོལ་མར་ཤང་ནང་གི་མོག་མོག་ཚོང་ཁང་དང་པོ་འཛུགས་རོགས་བྱས་ཤིང་། ཟླ་བ་སྒྲོལ་མས“ཁོང་གིས་ད་དུང་ང་རང་རྫོང་གྲོང་དུ་གསོ་སྦྱོང་ནང་ཞུགས་པར་མངགས་ནས་མོག་མོག་བཟོ་བའི་ལག་རྩལ་སྦྱོང་དུ་བཅུག ད་ཆ་ཁྱིམ་ནང་ཡོང་འབབ་སྒོར་7000ཙམ་རག་བྱུང་བས་ངས་མོག་མོག་ཚོང་ཁང་དེ་མུ་མཐུད་ཡག་པོ་གཉེར་ངེས་ཡིན”ཞེས་བརྗོད།
          ཤང་གི་ལས་བྱེད་པ་ཙམ་མ་ཟད་། ད་དུང་ཕུ་མ་བྱང་ཐང་བཅའ་སྲུང་བྱེད་མཁན་མཐའ་སྲུང་དཔོན་དམག་ཚོས་ཀྱང་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་མི་སེམས་འགུལ་བའི་བསྟོད་གླུ་མང་དག་བརྩམས་ཡོད།
          ཆ་སྒྲིག་རོགས་སྐྱོར་བྱེད་ཡུལ་ཤང་དེའི་ཆ་ཚང་སློབ་ཆུང་ལ་མཐའ་སྲུང་མངགས་གཏོང་ཁང་གི་རྒྱ་ཆེའི་དཔོན་དམག་ཚོས་སེམས་ནུས་མང་པོ་བཏོན་ཡོད་ཅིང་། མངགས་གཏོང་ཁང་གི་སློབ་སྟོན་པ་ཁྲེན་ཁོ་མིང་གིས“ང་ཚོས་འདི་ཁུལ་དུ་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་ཕུ་མ་བྱང་ཐང་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྱོང་ཡག་པོ་བྱེད་དགོས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་། ཕུ་མ་བྱང་ཐང་གི་ཡུལ་མི་དང་ཕྲུ་གུ་ཚོས་སྔོ་ཚལ་སོས་པ་ཟ་ཐུབ་པ་བྱ་ཆེད་མངགས་གཏོང་ཁང་གི་འཐབ་འཛིང་པ་ཀའོ་ཅན་ཞོལ་གྱིས་ཆེད་དོན་ཞིབ་འཇུག་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་ས་བབ་མཐོ་བར་འཚམ་པའི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་པའི་ལག་རྩལ་འཚོལ་ཞིབ་བྱས་ནས་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱས།
          “གོང་འཕེལ་གཏོང་རྒྱུ་ནི་དོན་དམ་པ་ཡིན། ཕུ་མ་བྱང་ཐང་མ་གཞི་དཀའ་ཚེགས་ཆེ་ཙམ་ཡོད་མོད། འོན་ཀྱང་དེ་ཁུལ་གྱི་ལས་བྱེད་མང་ཚོགས་དང་དཔོན་དམག་གིས་དཀའ་ངལ་ལ་མི་འཛེམ་པ་དང་ལེགས་སྐྱེས་འབུལ་བར་སྤྲོ་བའི་བསམ་བློ་བཅངས་ཏེ་ཕུ་མ་བྱང་ཐང་འཛུགས་སྐྲུན་ཡག་པོ་བྱེད་ཆེད་རང་ཉིད་ཀྱི་ཁྲག་དྲོན་དང་ལང་ཚོ་ལེགས་སྐྱེས་སུ་ཕུལ་ཡོད”ཅེས་རྫོང་དཔོན་ལུའོ་ཝུན་ཅིན་གྱིས་གསར་འགོད་པར་བཤད་བྱུང་།
          དེ་དང་དེ་འདྲ་བའི་མི་མང་པོ་ཞིག་གིས་ཁོང་ཚོའི་སྒེར་སེམས་མེད་པའི་གཅེས་སེམས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་ན་མེད་པའི་བསམ་ཚུལ་མཚོན་པ་བྱས་ཏེ་ཕུ་མ་བྱང་ཐང་གི“དཀའ་ཚེགས་ཅན་གྱི་ཡུལ”དེར་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། སྣོད་བཅུད་བཟང་བ། མཐའ་མཚམས་བརྟན་ལྷིང་སྲ་བརྟན་བཅས་ཀྱི་མི་ནུབ་པའི་མཛད་རྗེས་ཀྱི་རྡོ་རིང་ཞིག་བཙུགས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716