སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁུ་ཁུ་ཤི་རི་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གནས་ཨང་51པར་གྱུར་པ།
སྤེལ་དུས། 2017-07-11   ཡོང་ཁུངས། མི་དམངས་ཉིནཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།

ཟླ་7ཚེས་7ཉིན། ཕོ་ལན་གྱི་གྲོང་ཁྱེར་ཁེ་ལ་ཁོ་ཕུའུ་རུ་ཞིབ་དཔྱད་ཨུ་ལྷན་གྱིས་ཁུ་ཁུ་ཤི་རི་འཛམ་གླིང་ཤུལ་བཞག་ནང་འཇོག་རྒྱུར་གྲོས་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།
          ཕོ་ལན་གྱི་ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་7ཉིན་གྱི་ཕྱི་དྲོ་ཕོ་ལན་གྱི་གྲོང་ཁྱེར་ཁེ་ལ་ཁོ་ཕུའུ་རུ་འཚོགས་པའི་སྐབས་41པའི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་ཐོག་ཀྲུང་གོའི་མཚོ་སྔོན་གྱི་ཁུ་ཁུ་ཤི་རི་དེ་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་རྦད་དེ་མོས་མཐུན་བྱས་པ་བརྒྱུད《འཛམ་གླིང་ཤུལ་བཞག་ཐོ་གཞུང》ནང་འཇོག་རྒྱུའི་ཆོག་མཆན་ཐོབ་ནས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་གི་གནས་ཨང་51པར་གྱུར་པ་དང་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་ཤིག་ཀྱང་ཡིན་པ་རེད།
          མཚོ་བོད་ས་མཐོའི་བྱང་ཤར་ཟུར་དུ་གནས་པའི་མཚོ་སྔོན་གྱི་ཁུ་ཁུ་ཤི་རི་ལ་འཛམ་གླིང་གི“ཡང་རྩེ”ཞེས་བརྗོད་ཅིང་། མིང་འདོན་ས་ཆའི་ནང་ས་བབ་མཐོ་ཚད་སྨི་4500ཡན་དུ་ཡོད་པའི་གཞི་ཁྱོན་ཆེ་བའི་རི་མཐོ་དང་རྩྭ་ཐང་ཡོད་པ་རེད། ཁུ་ཁུ་ཤི་རིའི་གནམ་གཤིས་དེ་གྲང་ངར་ཆེ་བའི་ས་མཐོའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་ཟམ་མི་ཆད་པའི་ས་གཤིས་འགྱུར་ལྡོག་ཁྲོད་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གཅིག་གྲུབ་ཡོད་ལ་ས་ཁོངས་ནང་མཚོ་བོད་ས་མཐོའི་ཐོག་གི་མཚེའུ་མང་པོ་གཅིག་སྡུད་བྱས་ཡོད་པ་དང་རྣམ་པ་སྣ་ཚོགས་ཀྱི་མཚེའུ་གཤོངས་ས་དང་ས་བབ་མཐོ་བའི་ནང་གི་མཚེའུ་ཡི་ས་བབ་གྲུབ་ཡོད།
          ཁུ་ཁུ་ཤི་རིའི་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཀྱིས་དེ་གར་སྐྱེ་དངོས་སྣ་མང་ལྡན་ལ་དེ་ནི་ས་མཐོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འགེབས་སྲུང་ཁུལ་གལ་ཆེན་ཞིག་ཡིན་པ་དང་སྟོངས་ལ་ཁད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཙོད་སོགས་དེ་གར་འཚོ་བཞིན་ཡོད། ད་ཐེངས་མིང་འདོན་བྱས་པའི་ས་ཁོངས་ནང་གཙང་གསུམ་ཆུ་འགོ་ནས་ཁུ་ཁུ་ཤི་རི་བར་གྱི་སྲོག་ཆགས་གནས་སྤོས་ཀྱི་ལམ་ཐིག་ཚུད་ཡོད་པས་དེ་ནི་ད་བར་ཤེས་རྟོགས་བྱུང་བའི་གཙོད་གནས་སྤོས་ལམ་ཐིག་ཡོངས་ཀྱི་ནང་ནས་སྲུང་སྐྱོབ་ཡག་ཤོས་བྱུང་བའི་ལམ་ཐིག་ཅིག་རེད།
          འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་མཚོ་སྔོན་གྱི་ཁུ་ཁུ་ཤི་རི་དེ་རང་བྱུང་ཤུལ་བཞག་གི་ཚད་གཞི་དང་མཐུན་པ་དང་འབྲེལ་ཆ་ཚང་བ་དང་། དངོས་ཡོད་རང་བཞིན་ཆེ་ཙམ་ལྡན་ཁར་སྲུང་སྐྱོང་དང་དོ་དམ་ཡག་ཤོས་ཀྱི་ཁུལ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
2016ལོའི་ཟླ་7ཚེས་2ནས་12ཉིན་བར་ཕོ་ལན་གྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཁེ་ལ་ཁོ་ཕུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ། ཚན་རིག རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་41པ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྱོན་འཛམ་གླིང་ཤུལ་བཞག་གི་རེ་ཞུའི་རྣམ་གྲངས་35ལ་གྲོས་ཞིབ་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716