སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗང་མདོག་འཕེལ་རྒྱས་རྒྱུན་མཐུད་བརྟན་པོར་སྲུང་།
སྤེལ་དུས། 2017-08-17   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྕགས་བྱམས་ཀྱིས་བསྒྱུར།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བའི་ཁར་མཚོ་བོད་ས་མཐོ་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མའི”སྣོད་བཅུད་ཁོར་ཡུག་འགན་ལེན་ཆེད་བྱ་སྤྱོད་ཀྱི་ཁ་ཕྱོགས་བསྟན་ཡོད།
          རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པ”ཁ་གསལ་བཏོན་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་རེ་དང་རི་ཀླུང་ཐམས་ཅད་སྲུང་སྐྱོང་ཡག་པོ་བྱས་ནས་བོད་ཀྱི་རི་བོ་ནམ་ཡང་སྔོ་བ་དང་། ཆུ་མོ་ནམ་ཡང་དྭངས་བ། མཁའ་དབུགས་ནམ་ཡང་གཙང་མ་ཡོང་བ་བཅས་བྱེད་དགོས་པ་བསྟན་ཡོད།
          དཔལ་འབྱོར། རང་ཉིད་ཀྱི་ཕ་ཡུལ་སྔོ་ལྗང་གི་ཞིང་ཁམས་སུ་འགྱུར་བ་བྱེད་པ།
          འདི་ལོ་ལོ་59ལ་སླེབས་པའི་དཔལ་འབྱོར་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་ནོར་སྟོད་གྲོང་ཚོའི་གྲོང་མི་ཡིན། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཁོང་གི་ཕུགས་བསམ་ནི་རང་ཉིད་ཀྱི་ཕ་ཡུལ་སྔོ་ལྗང་གི་ཞིང་ཁམས་སུ་འགྱུར་བ་བྱ་རྒྱུ་དེ་རེད། ཕུགས་བསམ་དེའི་ཆེད་དུ་ཁོང་གིས་ལོ་ངོ་30ལྷག་ཙམ་བརྟན་སྲུང་བྱས། 2004ལོར་ཁོང་གིས་གནས་འདིར་སྡོང་ཕྲུག་ར་བ་ཐོག་མ་དེ་བཙུགས། ལོ་13རིང་གཉེར་སྐྱོང་ཧུར་ཐག་བྱས་པ་བརྒྱུད་དཔལ་འབྱོར་གྱི་སྡོང་ཕྲུག་ར་བ་ཉིན་བཞིན་སྟོབས་ཆེར་སོང་བའི་ཁར“རིན་གོང”ཡང་དབྱར་མཚོ་རྒྱས་པ་ལྟར་མཐོ་རུ་སོང་ནས་ཁོང་གི་ཕུགས་བསམ་དང་རིམ་བཞིན་ཐག་ཇེ་ཉེར་སོང་།
          རྒྱ་ཁྱོན་མུའུ་450ཟིན་པའི་དཔལ་འབྱོར་གྱི་སྡོད་ཕྲུག་ར་བའི་ནང་ཤིན་ཅང་གི་སྦྱར་པ་དང་། སྦྱར་དཀར། སྦྱར་ལྕང་། གསོམ་ཤིང་། རྒྱ་ཤུག ཁམ་སྡོང་། ཀུ་ཤུའི་སྡོང་པོ། ལིའི་སྡོང་པོ། སྟར་སྡོང་སོགས་སྤུས་ལེགས་ཀྱི་སྡོང་རྐང་དང་དཔལ་འབྱོར་ནགས་ཚལ་གྱི་སྡོང་ཕྲུག་56སྔ་རྗེས་སུ་བཙུགས་པ་དང་སྡོང་རྐང་སྣ་ཚོགས་ཀྱི་སྡོང་ཕྲུག་ཁྲི་260ལྷག་ཙམ་ཟིན་པ་མ་ཟད། སྡོང་ཕྲུག་ཀྱང་ལྷོ་ཁའི་རྫོང་ཁག་དང་། ལྷ་ས། གཞིས་རྩེ། མངའ་རིས་སོགས་སུ་བྲིན་ཚོང་བྱས་པའི་ཁར་ཤིང་འཛུགས་ནགས་བཟོ་དང་། བྱེ་འགོག་བྱེ་འཇགས། གྲོང་ཁྱེར་སྔོ་འགྱུར་བཅས་ནང་དུ་བེད་སྤྱོད་རྒྱ་ཁྱབ་བྱས་ཡོད།
          དཔལ་འབྱོར་གྱི་ཤིང་འཛུགས་ནགས་བཟོ་ནི་ཡར་ཀླུང་གཙང་པོའི་བརྒྱུད་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ད་ཆ་ཡར་ཀླུང་གཙང་པོའི་རྒྱུད་དུ་སྤྱི་ལེ་160ཙམ་ཟིན་པའི་སྔོ་ལྗང་གི་སྲུང་དམག་འགྱིང་ངེར་གནས་པ་དེ་དག་གི་ཆ་སྙོམས་ཞེང་ཚད་སྨི་1800ཟིན་གྱི་ཡོད། མཐོ་སར་འཛེགས་ནས་རྒྱང་བལྟ་བྱེད་སྐབས་ཡར་ཀླུང་གཙང་པོའི་ནགས་གླིང་གཡུ་ཡི་གཞོང་པ་བཞིན་ཆགས་པ་དང་ཡར་ཀླུང་གི་རི་ཀླུང་ཀུན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྦྱིན་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་བཞུར་རྒྱུན་ཁྲོད་གནའ་བོའི་ས་ཆ་དེ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
          ནགས་ཚལ་སྣོད་བཅུད་མ་ལག་ལེགས་སུ་ནུས་ལྡན་ཕྱིན་ནས་ནགས་ཚལ་ཁྱབ་རྒྱ་དང་གསོག་འཇོག་བྱེད་ཚད“གཉིས་འཕར”གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
          འདམ་རའི་སྣོད་བཅུད་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ། རང་བྱུང་འདམ་ར་སྲུང་སྐྱོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བས། འདམ་རའི་གདོད་མའི་སྣོད་བཅུད་སྲུང་སྐྱོང་ཡག་ཤོས་ཀྱི་རང་སྐྱོང་ལྗོངས་སུ་གྱུར་ཡོད།
          ཐང་རྒོད་ཀྱི་སྣོད་བཅུད་མ་ལག་བཅོས་སྒྲིག་ནུས་ལྡན་བྱས་པས་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་ས་ཆའི་རྒྱ་ཁྱོན་ཉིན་བཞིན་ཆུང་དུ་འགྲོ་ཡི་ཡོད།
          ནགས་ལས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཕན་འབྲས་མངོན་གསལ་དོད་དུ་སོང་བ་དང་ཞིང་འབྲོག་པ་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་ནང་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་ནས་མང་ཚོགས་རྣམས་སྣོད་བཅུད་སྲུང་དམག་ཏུ་འགྱུར་རྒྱུ་དང་། སྣོད་བཅུད་ཀྱི་ཕོགས་ལེན་རྒྱུ། ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དུ་འཇུག་རྒྱུ་བཅས་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་བྱས་པ་བརྒྱུད་ལོ་ལྟར་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་13ཡས་མས་བྱུང་ནས་ནགས་ལས་མ་ལག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་26ཡས་མས་བྱུང་ཡོད།
          ཟླ་བ། ཁྲུང་ཁྲུང་སྐེ་ནག་གི་གྲོགས་པོ་བློ་ཐུབ།
          ཁྲུང་ཁྲུང་སྐེ་ནག ས་གོ་ལའི་ཐོག་ས་མཐོ་ཁོ་ནར་འཚོ་སྡོད་བྱེད་པའི་ཁྲུང་ཁྲུག་གི་རིགས་དེ་དོམ་ཁྲ་དང་རྩ་ཆེ་ཤོས་གཅིག་མཚུངས་ཡིན་པའི་བྱ་རིགས་ཤིག་རེད།
          ཉིན་ཞིག ལྷུན་གྲུབ་རྫོང་ཁོངས་སུ་ཕྱུགས་འཚོ་བཞིན་པའི་ཟླ་བར་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུག་སྐེ་ནག་ཞིག་རྙེད། ཟླ་བས་ལྟ་རྟོག་ཞིབ་ཕྲ་བྱས་པས་ཁྲུང་ཁྲུང་སྐེ་ནག་གི་རྨ་ཁ་རིམ་བཞིན་གསོས། ཁྲུང་ཁྲུང་སྐེ་ནག་རོགས་སྐྱོབ་ས་ཚིགས་སུ་བསྐྱལ་བའི་ཉིན་དེ་ནས་བཟུང་ཟླ་བས་ཁྲུང་ཁྲུང་སྐེ་ནག་རོགས་སྐྱོབ་ས་ཚིགས་ཀྱི་ཟས་གོམས་ཨེ་ཡོང་སྙམ་ནས་གྲོ་རྒྱ་མ་100གྲ་སྒྲིག་བྱས། ཡུན་རིང་མ་སོང་བར་ཁོང་གིས་སླར་ཡང་ཁྲུང་ཁྲུང་ཞིག་གསོ་ཉར་བྱས།
          དཔྱད་གཞི་ལས་མངོན་པར་གཞིགས་ན། བོད་དུ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125འཚོ་གནས་བྱེད་བཞིན་ཡོད་པ་དེས་རྒྱལ་ཡོངས་སྤྱི་འབོར་གྱི་བཅུ་ཆ་གསུམ་ཡན་བཟུང་གི་ཡོད། ལྗོངས་ཡོངས་ཀྱི་ས་ཆའི་བཅུ་ཆ་གསུམ་བཟུང་བའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་དག་སྲུང་སྐྱོང་ཡག་པོ་ཐུབ་ཡོད།
          རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་གཅིག་ནས་ལྐོག་རྔོན་ལ་རྡུང་རྡེག་ནན་པོ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་གཙོད་དང་། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་སླར་གསོ་བྱུང་བ་སྟེ། གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་མིག་སྔར་ཁྲི་20ཡན་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་ཀྱི་གྲངས་འབོར་མིག་སྔར་8000ཡས་མས་ཡོད་པ། འབྲོང་ཁྱུ་ཚོགས་ཀྱི་གྲངས་འབོར་མིག་སྔར་ཁྲི་1ཡས་མས་ཡོད་པ་རེད།
          སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱེ་འཕེལ་ཡག་པོ་ཡོང་ཆེད་སྲུང་སྐྱོང་བྱས་དང་བྱེད་མུས་རེད། བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་61བསྐྲུན་པ་དེ་དག་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41ལྷག་ཙམ་ཟིན་པ་དང་དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ཡི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད། རང་སྐྱོང་ལྗོངས་ནགས་ལས་སྡེ་ཚན་གྱིས་དུས་གཅིག་ཏུ་སྲུང་སྐྱོང་ཁུལ་དུ་ཕྱོགས་ཡོངས་ནས་རྔོན་རྒྱག་རྒྱུར་འགོག་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཆིག་སྟོང་གིས་དུས་ངེས་མེད་ཐོག་སྲུང་སྐྱོང་བྱེད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་བསད་ཚེ་ཁ་གསབ་འཇལ་བ་སོགས་བྱ་ཐབས་རབ་དང་རིམ་པ་དུས་གཅིག་ཏུ་ལག་ལེན་བསྟར་བ་མ་ཟད། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ཡོང་རྒྱུར་སྲུང་སྐྱོང་གི་དྲ་བའང་བཙུགས་ཡོད།
          ལིའུ་ཧུང་། རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་འུམ་བུ་ཤིང་ལ་གཏོར་སྐྱོན་གཏོང་མི་རུང་།
          ན་ནིང་འདི་ག་ཚགས་པར་གྱིས་སྤེལ་བའི《མངའ་རིས་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་འུམ་བུ་ཤིང་ལ་གཏོར་སྐྱོན་གཏོང་མི་རུང》ཞེས་པ་དེ་གསར་འགྱུར་སྨྱན་སྦྱོར་ཚན་པ་མང་པོས་བརྒྱུད་སྤེལ་བྱས་ཡོད། འུམ་བུ་ཤིང་ལ་གཏོར་སྐྱོན་མི་ཕོག་ཆེད་མངའ་རིས་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་ཡར་ས་ཆུ་གཏོང་ལས་གྲྭའི་འཆར་གཞིའི་ཇུས་འགོད་ལེགས་སྒྲིག་བྱས་པས་ལས་ཡུན་རིང་དུ་ཕྱིན་པ་མ་ཟད། ཨར་སྐྲུན་མ་གནས་མཐོ་རུ་དང་དཀའ་ཚད་ཀྱང་ཆེ་རུ་ཕྱིན་ཡོད། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ལིའུ་ཧུང་གིས་ཆུ་བེད་ལས་གྲྭ་ནི་དཔལ་འབྱོར་རྣམ་གྲངས་ཡིན་ལ་སྣོད་བཅུད་རྣམ་གྲངས་ཀྱང་ཡིན། ལས་ཡུན་རིང་དུ་ཕྱིན་པ་དང་མ་གནས་མཐོ་རུ་ཕྱིན་རུང་བྱེ་འཇགས་ཀྱི་ནུས་པ་ལྡན་པའི་འུམ་བུ་ཤིང་དག་བརྟན་སྲུང་ཐུབ་ཚེ་གྱོང་གུན་མི་འདུག་ཅེས་བཤད།
          མིག་སྔར་འཛུགས་སྐྲུན་ཁག་ནང་ས་མཐོའི་སྣོད་བཅུད་ལ་ཤུགས་རྐྱེན་ཅུང་ཆེན་པོ་བཟོ་མཁན་ནི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཡིན། གཞུང་ལམ་རིང་དུ་ཕྱིན་པ་དང་སྦྲགས་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་སྲུང་སྐྱོང་ཐད་བོད་ཀྱིས་མཐོང་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ད་ཕན་ལོ་ཤས་ནང་རང་སྐྱོང་ལྗོངས་ཀྱིས“སྣོད་བཅུད་སྔོན་ལ་འཕེལ་རྒྱས་བཏང་བ་དང་། སྲུང་སྐྱོང་སྔོན་ལ་བྱས་པ། སྲུང་སྐྱོང་བྱེད་རིང་འཛུགས་སྐྲུན་བྱས་པ། འཛུགས་སྐྲུན་བྱེད་རིང་སྲུང་སྐྱོང་བྱས་པ”བཅས་ཀྱི་རྩ་དོན་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ནན་དུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ཁག་ནུས་ལྡན་ངང་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་མ་ཟད། ལས་གྲྭའི་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཁེ་ཡོང་གང་ཐུབ་ཀྱང་བྱས་ཡོད།
          2013ལོར་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱེད་ཐབས་དང་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལྟ་སྐུལ་དོ་དམ་བྱེད་ཐབས་བཏོན་ཏེ་རིམ་ཁག་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཁོངས་གཏོགས་ཁུལ་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁུར་བ་ཨང་དང་པོར་བྱ་རྒྱུ་འགན་ལེན་བྱས་ཡོད། ལྷག་དོན་དུ་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”མཆན་འགོད་དང་ཁོར་ཡུག་སྲུང་སྐྱོང་གི་སྤ་སེ་གཅིག་གི་ཁྲུ་སློག་པའི་ལམ་ལུགས་ལག་ལེན་བསྟར་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
          2015ལོར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་དཔྱད་དཔོག་སྙན་ཞུའི་ནང་གནམ་གཤིས་དང་། ཆུ། སྣོད་བཅུད་མ་ལག སྐམ་ངོས་ཁོར་ཡུག མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་སོགས་ཕྱོགས་དྲུག་ཐད་ནས་2000ལོ་ནས་འབྱུང་འགྱུར་ལོ་བརྒྱའི་བར་གྱི་ས་མཐོའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་ཡོད། སྙན་ཞུའི་ནང་བོད་དེ་སྔར་བཞིན་སྣོད་བཅུད་ཁོར་ཡུག་བཟང་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་ཞེས་འཁོད་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716