སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
"འགྲིམ་འགྲུལ་བྱུར་རྐྱེན""སྲན་ཞོའི་བཟོ་སྐྲུན""རྐྱང་དམར་གསོད""རིག་གནས་རྡོག་རོལ"རྒྱབ་ཀྱི་སེམས་གཏམ།
སྤེལ་དུས། 2014-09-02   ཡོང་ཁུངས། ཕིང་ཕའེ་དྲ་བ།   རྩོམ་སྒྲིག་པ།  ཤ་བོས་བསྒྱུར།

བརྩེ་ལྡན་གྱི་གྲོགས་ལྷན་རྒྱས། 

ཁྱོད་ཀྱིས་ད་ལོའི་དབྱར་ཁར་བོད་ལྗོངས་སུ་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་དེ་ཐོས་ཡོད་པར་ང་རང་ཡིད་ཆེས་ཡོད་ལ།  ལྷག་པར་དུ་ལྷ་ས་དང་ཉིང་ཁྲི་བར་ནས་གནས་སྐོར་རླངས་འཁོར་ཆེ་བ་ཞིག་ལ་དོན་རྐྱེན་བྱུང་བས།  དོན་རྐྱེན་བྱུང་སའི་རྣམ་པ་འཇིགས་སུ་རུང་ལ།  རྨས་སྐྱོན་ཕོག་པ་དངོས་གནས་ཚབས་ཆེན་ཡིན་པས།  མི་སུས་མཐོང་ན་ཡང་སྐྱོ་སྡུག་གི་དབུགས་རིང་མི་འབྱིན་མཁན་ཡོད་མི་སྲིད།  དོན་རྐྱེན་བྱུང་བའི་གནས་དེར་ང་རང་ཐེངས་མང་སོང་མྱོང༌།  ཕྱི་ཚུལ་ནས་བལྟས་ཚེ།  དོན་རྐྱེན་འདི་གཉིས་དང་གཞན་པའི་དོན་རྐྱེན་ཆེ་ཆུང་གང་ཡིན་རུང་འགྲིམ་འགྲུལ་དོན་རྐྱེན་ཞིག་ཏུ་སྣང༌།  ནང་ལོགས་ཀྱི་འགྲིམ་འགྲུལ་དོན་རྐྱེན་དང་ཆ་འདྲ་བར་ཁ་ལོ་བས་ངལ་དུབ་ཀྱིས་རླངས་འཁོར་བསྐོར་ཞིང་རླངས་འཁོར་མགྱོགས་དྲག་པ་དང་གནམ་ཟླས་ལམ་ངོས་ཀྱི་གནས་ཚུལ་རྙོག་དྲར་བཟོས་པ།  མགྲོན་པོ་ཚད་ལས་བརྒལ་བ་སོགས་ཀྱིས་དོན་རྐྱེན་འདི་འདྲ་བྱུང་བར་དངོས་སུ་མཐུན་རྐྱེན་སྦྱར་ཡོད་པ་རེད། 

གལ་ཏེ་ཁྱོད་རང་བོད་ལྗོངས་སུ་གནས་སྐོར་དུ་འོང་མྱོང་མཁན་ཞིག་ཡིན་ན།  མཐིང་མདོག་གི་གནམ་སྔོན་དང་ཆེས་ཉེ་བའི་གནས་མཆོག་འདིའི་སྟེང་གི་རླངས་འཁོར་གྱི་གནས་ཚུལ་ལས་སླ་བོར་རྟོགས་ཐུབ།  རླངས་འཁོར་ནང་དུ་ཉེན་ཁའི་རྒྱུ་རྐྱེན་གྱིས་བཟོས་པའི་གྲངས་འབོར་དང་མཇུག་འབྲས་ནི་ནམ་ཡང་ལྡབ་འགྱུར་གྱིས་འཕར་བཞིན་ཡོད། 

བོད་རང་སྐྱོང་ལྗོངས་དང་ཉེ་བའི་ས་ཁུལ་མང་བོ་ཞིག་གི་རང་བྱུང་གི་ཆ་རྐྱེན་སྤྱིའི་ཆ་ནས་ཞན་ཞིང་རྨང་གཞིའི་སྒྲིག་ཆས་ཧ་ཅང་རྗེས་ལུས་ཡིན།  རྒྱལ་ཁབ་བཙུགས་པའི་རྗེས་ནས་བཟུང༌།  ཀྲུང་དབྱང་སྲིད་གཞུང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྨང་གཞིའི་སྒྲིག་ཆས་ཀྱི་ཐད་དུ་མ་དངུལ་འབོར་ཆེན་བཏང་ན་ཡང༌།  བོད་ལྗོངས་སུ་ད་ལྟའི་བར་དུ་འགྲོ་ལམ་གཉིས་དང་མཐོ་རིམ་གཞུང་ལམ་འགའ་ཤས་མ་གཏོགས་མེད་ལ།  མཐོ་རིམ་མྱུར་ལམ་གཅིག་ཀྱང་མེད།  ཆ་རྐྱེན་ཅུང་ལེགས་པའི་ས་ཁུལ་གྱི་རྒྱལ་ཁའི་གཞུང་ལམ་ཡང་ནང་ལོགས་ཀྱི་ཞིང་གྲོང་གི་གཞུང་ལམ་དང་ཚད་རིམ་གཅིག་མཚུངས་ཡིན།  དཔེར་ན་མིང་དུ་གྲགས་པའི༣༡༨རྒྱལ་ཁའི་གཞུང་ལམ་གྱི་ས་གནས་མང་ཆེ་ཤོས་ནི་སྟབས་བདེའི་གཞུང་ལམ་ཡིན།  བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་འཛུགས་བསྐྲུན་བྱ་བའི་ཕྱོགས་མང་པོ་ཞིག་ནི་ལམ་ངོས་སྲ་མོ་དང་བདེ་མོ་ཞིག་ལས་རྒྱུ་དེ་ཡིན།  འདི་ནི་ནང་ལོགས་ཀྱི་ས་གནས་མང་ཆེ་ཤོས་སུ་གནའ་ནས་ལོ་རྒྱུས་སུ་གྱུར་ཡོད་པ་ཞིག་རེད། 

ནམ་ཟླ་དང་ས་བབ་ཀྱི་རྒྱུ་རྐྱེན་ནི་ཤིན་ཏུ་རྙོག་འཛིང་ཆེ་བའི་དོན་ཞིག་ཡིན་ལ།  རང་སྐྱོང་ལྗོངས་ཀྱི་ཤར་ཕྱོགས་ཀྱི་ཉིང་ཁྲི་ལྟ་བུའི་ས་ཆའི་ཆུ་གཙང་ཞིང་རང་བྱུང་གི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག  ཡིན་ན་ཡང་དབྱར་ཁའི་དུས་སུ་ཆར་ཆུ་མོད་པས་ས་རྡིབ་པ་དང་རི་ནུར་བ་སོགས་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས།  ས་གནས་ཀྱིས་ཕྱོགས་གཅིག་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་སྔོན་འགོག་དང་ཡང་ཕྱོགས་གཞན་ཞིག་ནས་འགྲོ་ལམ་ཞིག་གསོ་བྱས། 

ངའི་བརྩེ་ལྡན་གྱི་གྲོགས་པོ།  ཁྱོད་ཀྱིས་ད་རུང་ཀྲུང་གོའི་ཆེས་མཇུག་མཐའི་གཞུང་ལམ་བསྐྲུན་པའི་རྫོང་སྟེ།  མེ་ཏོག་རྫོང་འདིར་ད་ལྟར་དངོས་གནས་གཞུང་ལམ་ཤར་གཏོང་བྱས་ཡོད།  འོན་ཀྱང་འདི་ནི་གཞུང་ལུགས་ཐད་ཀྱི་བརྡ་ཆད་ཅིག་རེད། 

མེ་ཏོག་རྫོང་གི་གཞུང་ལམ་གྱི་བརྒྱུད་དུ་ཟམ་པ་ཆེན་པོ་ཞིག་ཡོད།  དེ་ནི་སྲིད་གཞུང་གིས་གྲོན་དངུལ་སྤྱད་དེ་ལས་པའི་ཟམ་པ་གཅིག་པུ་ཡིན།  ཅུང་མ་འགོར་བར་དྲག་ཆར་ཐེངས་ཤིག་གི་རྗེས་ནས་བྱུང་བའི་ཆུ་ལོག་ཆེན་པོ་གཅིག་གིས་ཟམ་པ་ཤུལ་མེད་རྗེས་མེད་དུ་བཏང༌།  སྐབས་དེར་ནང་ལོགས་སུ་ཡོད་པའི་དྲ་ལམ་གྱི་མི་མང་བོ་ཞིག་གིས་འདི་ལསྲན་ཞོས་བཟོས་པའི་བཟོ་སྐྲུནཞེས་པའི་ཐ་སྙད་ཅིག་སྩལ་འདུག   རྗེས་སུ་ང་རང་ཟམ་ཆེན་ཁུར་ཤུལ་གྱི་ལམ་འདི་བརྒྱུད་སྐབས།  བོད་ལྗོངས་ཀྱི་མྱོང་ཚོར་ཟབ་མོ་ཞིག་སེམས་ངོགས་སུ་རླབས་རྒྱུན་བཞིན་མཁའ་ལ་འགོག་མེད་དུ་འཕྱོ། 

མེ་ཏོག་རྫོང་གི་ཟམ་ཆེན་ཁུར་ཤུལ་གྱི་རྒྱལ་ལམ། 

ཁྱོད་རང་བོད་སྐྱོང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འགྲོ་ལམ་སྟེང་ནས་རླངས་འཁོར་བསྐོར་མཁན་ཞིག་ཡིན་ན།  རླངས་འཁོར་ལ་བྱང་ཆ་ཡོད་པའི་ཁ་ལོ་བ་ཞིག་དང་མཐོ་སྒང་གི་ཆེད་སྤྱོད་རླངས་འཁོར་མཐོན་པོ་ཞིག་ཡོད་ཚེ།  ད་གཟོད་ཁྱོད་རང་གཞུང་ལམ་ནས་ཅུང་བདེ་བོར་འགྲོ་ཐུབ།  ངས་འགྲོ་ལམ་སྟེང་ནས་ནང་ལོགས་ཀྱི་ཨང་ཀི་ཡོད་པའི་རླངས་འཁོར་མང་བོ་མཐོང་བྱུང༌།  ཉིན་མ་རེ་རེར་བོད་ལྗོངས་ཀྱི་གཞུང་ལམ་སྟེང་རང་དབང་གི་འཕུར་བསྐྱོད་བྱེད་པའི་ན་གཞོན་ཕོ་མོ་དག་མཐོང་ཚེ།  ང་རང་ལ་བཅོས་མ་མ་ཡིན་པའི་མྱོང་ཚོར་ཟབ་མོ་ཞིག་སྐྱེས་བྱུང༌།  རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཕྱི་རོལ་གྱི་རླངས་འཁོར་ལ་བོད་དུ་མ་ཐོན་པའི་ཡར་སྔོན་དུ་མཐོ་སྒང་གི་ཡུལ་དངོས་སྦྱོང་བརྡར་གྱི་ཁ་ལོ་བའི་རྒྱུགས་ཤིག་ལེན་པར་འབོད་སྐུལ་ཞིག་བཏང་བ་ཡིན། 

ངས་གསལ་པོར་རྟོགས་ཡོད།  བསམ་འཆར་འདིར་ནང་ལོགས་ཀྱི་ཁྱིམ་སྤྱོད་རླངས་འཁོར་བསྐོར་ནས་གནས་སྐོར་དུ་བསྐྱོད་པའི་ཁ་ལོ་བ་མང་བོ་ཞིག་གིས་དམའ་འབེབས་དང་འཕྱ་དམོད་བྱེད་སྲིད།  འོན་ཀྱང་ས་གནས་ཆེ་གེ་མོ་ནས་རླངས་འཁོར་ཆེ་གེ་མོ་ཞིག་ཆུ་ལ་ཤོར་བའི་གནས་ཚུལ་མཐོང་ཐེངས་རེར།  ང་ལ་དངོས་གནས་རང་ཉིད་ཀྱིས་བསམ་འཆར་འདི་འདོན་མ་གཏུབས་པ་ལ་བློ་འགྱོད་ཆེན་པོ་སྐྱེས།  ངས་ནང་ལོགས་ཀྱི་ཁ་ལོ་བ་མཐའ་དག་ལ་སྐྲག་བསྐུར་ནས་བོད་ལྗོངས་སུ་ནང་ལོགས་ཀྱི་མིས་རླངས་འཁོར་མ་བསྐོར་དང་ཡང་ན་བོད་ལྗོངས་ཀྱི་གནས་སྐོར་ལྗོངས་རྒྱུའི་ཚོགས་ཁག་ཏུ་མ་ཞུགས་ཞེས་འབོད་སྐུལ་བཏང་བ་ཞིག་གཏན་ནས་མིན།  འགྲིམ་འགྲུལ་དོན་རྐྱེན་ནི་ནང་ལོགས་ཀྱི་གནས་སྐོར་བའི་བདེ་འཇགས་ཀྱི་འཇིགས་པ་ཆེ་ཤོས་དེ་ཡིན་པས།  བོད་ལྗོངས་སུ་མ་ཐོན་པའི་ཡར་སྔོན་དུ་དངོས་གནས་ཁྱོད་རང་ཚོས་བསམ་བློ་ཞིབ་ཚགས་གཏོང་དགོས་པ་ཞིག་རེད། 

བོད་ལྗོངས་ཀྱི་རི་ཆུ་མཛེས་ཤིང་བོད་ལྗོངས་ལ་གསང་བ་ལྐོག་གྱུར་དང་རྔམ་བརྗིད་ལྡན་པ་ནི་སུས་ཀྱང་སྨྲས་མ་དགོས་པ་ཞིག་རེད།  འོན་ཀྱང་བོད་ལྗོངས་ནི་ཉམ་ཐག་ཅིག་ཡིན་པ་གཏན་ནས་བརྗེད་མི་རུང༌།  གནས་འདིའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཉམ་ཐག་ཅིང་ཞེ་སྐྱོ་བ་ཞིག་ཡིན་པས།  གནས་འདིའི་གནས་སྐོར་གྱི་ཁྱབ་རྒྱ་གུ་དོག་པས་དེ་འདྲའི་མི་མང་བོ་ཞིག་ཤོང་ཐབས་མེད།  བོད་ལྗོངས་ཀྱི་གནས་སྐོར་ལྗོངས་རྒྱུའི་སྔར་ནས་སྲིད་གཞུང་དང་མི་དམངས་ལ་སྤྲོ་སྣང་ཕྲན་ཙམ་བསྐྱལ་འོང་ཡང༌།  ད་ལྟ་ཚང་མས་མནོན་ཤུགས་དྲག་པོ་ཞིག་གཡོ་གཟུར་མེད་པར་བསུ་ཀྱིན་ཡོད། 

བོད་རང་སྐྱོང་ལྗོངས་སུ་མི་འབོར་ཁྲི༣༠༠ལྷག་ཡོད་པས།  རྨིད་སྤྱི་ལེ་གྲུ་བཞི་མ་ཁྲི༡༥༠ཡོད་པའི་མུ་མཐའ་མེད་པའི་ས་གཞི་འདིས་ས་གནས་རང་གི་མི་དང་གནས་སྐོར་བ་མང་བོ་ཞིག་སྣེ་ལེན་བྱེད་ཐབས་མེད།  ལྷ་ས་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་མི་འབོར་ཆེས་མང་བོའི་གནས་ཤིག་ཡིན་ལ།  དོན་དངོས་སུ་མི་འབོར་ཁྲི༨༠ལྷག་ཡོད་པས།  གནས་སྐོར་བར་སྣེ་ལེན་བྱེད་པར་ཚད་བཀག་ཆེན་པོ་ཞིག་བཟོས་ཡོད།  དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་གནས་འདིའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་ཤིན་ཏུ་ཉམ་ཆུང་ཡིན།  ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་ལོ་རྒྱུས་ཀྱིས་རང་སྐྱོང་ལྗོངས་ཀྱི་ས་གནས་མང་བོ་ཞིག་ཕྱི་བཀག་ནང་སྡོམ་གྱི་གནས་སྟངས་སུ་ཡོད་པས།  གདོད་མའི་རིག་གནས་ཀྱི་ཤུལ་བཞག་གང་སར་མཐོང་ཐུབ།  ཡིན་ཡང་དཔལ་ཡོན་དར་བའི་ནང་ལོགས་ཀྱི་གནས་སྐོར་བས་དཔལ་ཡོན་ལ་རྡོག་བརྫིས་ཚ་དྲག་བཏང་བའི་བྱ་སྤྱོད་ཀྱིས་ས་གནས་ཀྱི་མི་དམངས་ལ་འགལ་ཟླ་ཆེན་པོ་བཟོས།  ཐ་ན་ཁོ་ཚོར་འཇིགས་སྐྲག་གི་སྣང་ཚུལ་མངོན་གསལ་དུ་བསྐྲུན་ཡོད། 

ངའི་གྲོགས་པོ།  ང་དང་འདྲ་བར་ཁྱོད་ཀྱིས་ཀྱང་ལག་ཏུ་མེ་མདའ་དང་མཚོན་ཆ་འདྲ་མིན་འཆང་བའི་གདུག་རྩུབ་ཆེ་བའི་འདྲ་པར་དང་བརྙན་རིས་དེ་མཐོང་ཡོད་པར་ང་རང་ཡིད་ཆེས་ཡོད།  བརྙན་རིས་འདི་དག་གནས་སྐོར་ཕྱག་མཇལ་དུ་བསྐྱོད་མཁན་དང་རི་གྲོང་གི་རྒན་གཞོན་དར་གསུམ་གྱི་ངོ་གདོང་དུ་ཧ་ལམ་འཕྲོས་ཡོད་པ་རེད།  ངས་ཁྱོད་ལ་བཤད་རྒྱུ་ཞིག་ནི།  གནས་སྟངས་འདི་ལྟ་བུ་ནི་ངས་ཐེངས་གཅིག་ལ་མཐོང་བ་ཞིག་མིན་པར་ཐེངས་མང་བོ་མཐོང་མྱོང༌། 

དྲང་མོར་བཤད་ན།  དམངས་ལ་གནོད་པ་ཚབས་ཆེན་བཟོས་པའི་འཁྱམ་པོ་དེ་དག་ལ་ཚན་རིག་དང་མཐུན་པའི་འདུ་ཤེས་ཤིག་ཁོ་རང་ཚོར་ཡོད་སྙམ་ཀྱིན་འདུག  ཁོ་རང་ཚོར་རིགས་རྒྱུད་ཀྱི་འདུ་ཤེས་ཤུགས་དྲགཡིན་ན་ཡང་ཁོ་རང་ཚོས་གཏན་ནས་ཁས་ལེན་མི་སྲིད།  འོན་ཀྱང་རང་ཉིད་གཞན་ལས་ཁྱད་དུ་འཕགས་པར་འདོད་པ་ནི་རིགས་རྒྱུད་རིང་ལུགས་ཀྱི་དཔེར་མཚོན་ཞིག་མ་ཡིན་ནམ།  ངས་བལྟས་ན།  འཇིགས་སྐུལ་བ་དེ་དག་དང་མི་འདི་གྲས་ལ་བསམ་བློའི་སྟེང་འདྲ་ས་མང་བོ་འདུག

ཕྱི་རོལ་ནས་འོང་བའི་གནས་སྐོར་བའི་གནོན་ཤུགས་དྲག་པོའི་འོགརང་སྐྱོང་ལྗོངས་ཀྱི་ས་གནས་མང་བོའི་སྐྱེས་ཁམས་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་བཏང༌།  བོད་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་གནའ་བོའི་གོམས་སྲོལ་དང་བླ་མེད་ཀྱི་ཀུན་སྤྱོད་ལ་གནས་སྐོར་བས་དེང་རབས་ཀྱི་གནོན་ཤུགས་བསྐྱལ་འོང༌།  འཛམ་གླིང་སྟེང་ད་རུང་གནས་ཡོད་པའི་བཀག་སྡོམ་གྱི་ས་གནས་བཞིན་གནས་འདིའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། 

༢༠༡༤ལོའི་ཟླ༨ཚེས༡༤ཉིན་བོད་ལྗོངས་སུ་གཏེར་ཁ་སྔོག་འདོན་བགྱི་བའི་ནང་ལོགས་ཀྱི་མི་ཞིག་གིས་གདུག་རྩུབ་ཀྱིས་རི་དྭགས་རྐྱང་བསད་པའི་བྱ་སྤྱོད་དེའི་ལྟག་རྒྱབ་ཏུ་གྲིབ་མ་ནག་པོ་ཞིག་སྦས་ཡོད་པ་རེད།  ད་རུང་འདི་འདྲའི་ཚུལ་མིན་གྱི་སྤྱོད་པས་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེས་ཁམས་ཁོར་ཡུག  སྲོལ་རྒྱུན་གྱི་རིག་གནས་སོགས་ལ་གཏོར་བཤིག་དང་གནོད་པ་ཆེན་པོ་སྐྱེལ་བཞིན་ཡོད། 

ཟླ༧པའི་ཉིང་ཁྲིའི་ཁ་བས་གཡོགས་པའི་འགྲོ་ལམ། 

ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱེད་ཆོག  གྲོགས་པོ།  ངས་འཕྲིན་ཡིག་འདི་བྲིས་ཏེ་ཁྱོད་རང་ཚོ་བོད་ལྗོངས་སུ་མ་ཡོང་ཟེར་བ་ཞིག་གཏན་ནས་མིན།  མི་མང་བོ་ཞིག་ལ་འདི་འདྲའི་རྨི་ལམ་དང་རེ་བ་ཡོད་པ་རེད།  འོན་ཀྱང་ཁྱོད་རང་བོད་ལྗོངས་སུ་མ་ཡོང་བའི་ཡར་སྔོན་དུ་བོད་ལྗོངས་ལ་ཅིའི་ཕྱིར་འགྲོ་བ།  འོང་ཚེ་ཅི་ཞིག་ཁྱེར་དགོས་པ་དང༌།  འགྲོ་ཚེ་ཅི་ཞིག་ཁྱེར་བར་བསམ་བློ་ཞིབ་མོ་ཞིག་གཏོང་དགོས།  གལ་ཏེ་བོད་ལྗོངས་ལ་འོང་ན།  རང་ཉིད་ཀྱི་བསམ་བློ་དག་གཙང་དུ་བཟོ་ཆེད་ཡིན་ན།  མི་རིགས་ཀྱི་རིག་གནས་དང་ཆོས་ལུགས།  ལོ་རྒྱུས།  ཡུལ་ལྗོངས་ལ་ལྟ་བསྐོར་རུ་འོང་བ་ཅི་ཞིག་ཡིན་རུང༌།  གནས་སྐོར་བའི་ངོས་ཐད་ནས་འདྲ་མཉམ་གྱིས་བོད་ལྗོངས་ཀྱི་མི་དམངས་དང་སྐྱེས་ཁམས།  རིག་གནས།  ཡུལ་སྲོལ་ལ་གདེང་འཇོག་དང་བརྩི་བཀུར་བྱེད་དགོས།  ནང་ལོགས་ཀྱི་མི་རྣམས་དང་བོད་ལྗོངས་ཀྱི་མིའི་འཚོ་བ་མི་འདྲ་ན་ཡང༌།  ཚང་མས་རེ་བསྙེགས་བྱེད་ས་དང་དམིགས་ཡུལ་གཅིག་འདྲ་ཡིན། 

གྲོགས་པོ།  ཁྱོད་ཉིད་ཉིང་ཁྲི་ལ་འོང་བར་དགའ་བསུ་ཞུ།  བོད་ལྗོངས་ཀྱི་མགྲོན་པོར་འགྱུར་བར་དགའ་བསུ་ཞུ།  ངས་འཕྲིན་ཡིག་འདི་འབྲི་བའི་དམིགས་ཡུལ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་རླངས་འཁོར་དང་ཚུལ་མིན་གྱི་བྱ་སྤྱོད་རང་ཡུལ་དུ་བསྐྱུར་ཏེ།  དྲང་བདེན་གྱི་མིག་ཟུང་རྣོན་པོ་དེ་ཁྱེར་ནས་བོད་ལྗོངས་སུ་ཡོང་བར་དགའ་བསུ་བྱེད།

 

ཁ་བྱང་ཕྱི་མོ། "འགྲིམ་འགྲུལ་བྱུར་རྐྱེན""སྲན་ཞོའི་བཟོ་སྐྲུན""རྐྱང་དམར་གསོད""རིག་གནས་རྡོག་རོལ"རྒྱབ་ཀྱི་སེམས་གཏམ།

(རྩོམ་འགན་པ།  རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060