
འདི་ནི་ཟླ ༤ བའི་ཚེས ༨ ཉིན་པེ་ཅིང་ནས་ལྷ་སའི་དབར་གྱི་མེ་འཁོར Z21 རྟགས་ཅན་གྱི་ནང་དུ་བླངས་པའི་པར་ཞིག་ཡིན་ལ། ཅིང་བོད་མེ་འཁོར་རུ་ཆེན་ཚན་ཆུང་གསུམ་པའི་ཟ་ཁང་གི་ཞབས་ཞུ་བ་ཝང་ཅིང་ཁོན་ནས་འགྲུལ་བར་ཞབས་ཏོག་སྒྲུབ་བཞིན་པའི་གནས་ཚུལ་རེད། ཝང་ཅིང་ཁོན་གྱི་ཁྱོ་ག་ལིའུ་དབྱང་ནི་ཅིང་བོད་མེ་འཁོར་རུ་ཆེན་གྱི་ཚན་ཆུང་བཞི་བའི་འཁོར་དཔོན་ཡིན་པ་དང་། ཁོང་བཟའ་ཟླ་གཉིས་ཀས་པེ་ཅིང་དང་བོད་ལྗོངས་དབར་གྱི་མེ་འཁོར་སྟེང་འགྲུལ་བར་ཞབས་ཞུ་སྒྲུབ་བཞིན་ཡོད་འདུག
༢༠༠༦ ལོའི་ཟླ ༧ པའི་ཚེས ༡ ཉིན་མེ་འཁོར་གཏོང་འགོ་ཚུགས་པ་ནས ༢༠༡༥ ལོའི་ཟླ ༣ པའི་ཚེས ༣༠ ཉིན་དབར་དུ། པེ་ཅིང་ལྕགས་ལམ་ཅུས་ཀྱི་པེ་ཅིང་གི་འགྲུལ་སྐྱེལ་ལམ་ཐིག་རིམ་པའི་ཅིང་བོད་མེ་འཁོར་རུ་ཆེན་གྱིས་ལས་སྒྲུབ་མེ་འཁོར Z21/22 རྟགས་ཅན་གྱིས་བདེ་འཇགས་ངང་ལེ་བར་ཁྲི ༢༩༦༨ ཡི་ལམ་ཐག་ལ་འཁོར་བསྐྱོད་བྱས་པ་དང་། ཁྱོན་བསྡོམས་འགྲུལ་བ་མི་ཐེངས་ཁྲི ༨༧༩ ལྷག་ཡར་སྐྱེལ་མར་ལེན་བྱས་འདུག ཉེ་བའི་ལོ ༩ ཡི་རིང་ལ་ཅིང་བོད་མེ་འཁོར་རུ་ཆེན་གྱི་ཚོ་ཁག ༡༥ ཡི་ལས་བཟོ་བ་མི ༥༠༠ ལྷག་གིས་ཅིང་བོད་ལྕགས་ལམ་སྟེ"མཁའ་ལམ"གྱི་སྟེང་ལས་གནས་རྒྱུན་སྲུང་བྱས་ཏེ། རྒྱ་ཆེའི་འགྲུལ་བ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་ཞབས་ཞུ་རྣམ་དག་སྒྲུབ་ཡོད་འདུག
(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐང་ཀྲའོ་མིང་གིས་པར་བླངས།)
ཁ་བྱང་ཕྱི་མོ། ཅིང་བོད་བར་གྱི་མེ་འཁོར་གྱིས་ལོ་ངོ་དགུ་ལ་འགྲུལ་བ་མི་ཐེངས་ཁྲི ༨༧༩ ལྷག་སྐྱེལ།
(རྩོམ་འགན་པ། སྒྲོལ་ཚེ།)