སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་འགྲེམས་ཚོགས་ཐོག་ལང་ཚོའི་ཉམས་འགྱུར་མངོན་པ།
སྤེལ་དུས། 2016-09-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།
          ཟླ་9ཚེས་14ཉིན། སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས“ཀྲུང་གོའི་བོད་ཀྱི་གཞོན་ནུའི་གསར་གཏོད་ལས་གཏོད་འཕེལ་རྒྱས་གླེང་སྟེགས”ཐོག་རང་ལྗོངས་ཀྱི་ལས་གཏོད་གཞོན་ནུའི་འཐུས་མི་ཁ་ཤས་ཀྱིས་རང་ཉིད་ཀྱི་ལས་གཏོད་ཉམས་མྱོང་སྤེལ་རེས་བྱས་ཏེ་རང་ལྗོངས་ཀྱི་གཞོན་ནུའི་བློ་གྲོས་དང་ལས་གཏོད་སྤྲོ་སེམས་མངོན་པར་བྱས་ཡོད།
          ཚན་རྩལ་གསར་གཏོད་བྱས་ཏེ་མང་ཚོགས་ལ་ཕན་པ་བཏགས་པ།
          ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་པའི་འབྲུག་གྲགས་འདི་ལོ་སློབ་ཆེན་ཐོན་མ་ཐག་ཡིན་ཡང་། བོད་ལྗོངས་གུང་གཞོན་སྡེ་ཚོགས་གནད་སྨིན་དབུལ་སྐྱོར་གཞོན་ནུའི་ལས་གཏོད“བོད་གཏོད་ལེགས་འདེམས”དྲ་ཐོག་ཚོང་དོན་ལས་སྟེགས་ཀྱི་དབུ་བཞུགས་ཚོང་གཉེར་དཔོན་དང་བོད་ལྗོངས་གཞོན་ནུའི་ལས་གཏོད་ལས་སྟེགས་སྣེའུ་ཡན་ལག་ས་ཚིགས་དང་ལྷ་ས་ཚན་རྩལ་སྤྱི་དམངས་མཉམ་གཏོད་བར་མཐོངས་ཀྱི་དབུ་བཞུགས་ཚོང་གཉེར་གྱི་འགན་ཁུར་བཞིན་ཡོད།
          2013ལོར་ད་དུང་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་གྲྭ་འགྲིམས་བཞིན་པའི་འབྲུག་གྲགས་ཀྱིས་སློབ་གྲྭའི་སྡེ་ཚོགས་ཨུ་ལྷན་གྱི་རོགས་རམ་འོག་སློབ་མ་4ལས་གྲུབ་པའི་སྤྲིན་གྱི་ཕོ་ཉའི་གྲངས་ཉུང་མི་རིགས་ཀྱི་གྲངས་འཛིན་བཀོལ་སྤྱོད་གསར་གཏོད་དཔུང་ཁག་བཙུགས་པ་དང་2014ལོའི་ལོ་མཇུག་ཏུ་སྤྲིན་གྱི་ཕོ་ཉའི་ལྗང་ནུས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་འགོད་བྱས་ཏེ་བཙུགས་པ་རེད།
          འབྲུག་གྲགས་ཀྱིས་སྤྲིན་གྱི་ཕོ་ཉའི་ཚན་རྩལ་གྱིས་སྔ་ཕྱི་བར་གསུམ་དུ་མི་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་རྒྱུ་དང་། མི་རིགས་ས་ཁུལ་གྱི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་སོགས་ལ་རྩེ་གཅིག་ཏུ་གཞོལ་ནས་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་དབར་ལག་རྩལ་མཉམ་ལས་བྱེད་པ་དང་མི་རིགས་ས་ཁུལ་གྱི་ཚན་རྩལ་དང་ཞིང་ལས་སོགས་གྲངས་འཛིན་ཅན་དང་དེང་རབས་ཅན་འཕེལ་རྒྱས་ལ་མཐུན་སྦྱོར་སྣེ་ཁྲིད་བྱས་པ་རེད། ལག་ཐོགས་ཁ་པར་གྱི་བཀོལ་སྤྱོད་མཉེན་ཆས་གསར་སྤེལ་བྱེད་པ་ནས་སྐད་སྒྱུར་གྱི་སྤེལ་རེས་ལག་རྩལ་བར་དང་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་རིག་ནུས་གཞུང་དོན་སྒྲུབ་བྱེད་མ་ལག་ས་མཐོའི་གྲགས་ཅན་ཐོག་མ་ནས་ད་ཆའི་བོད་ཀྱི་གཞོན་ནུའི་མངོན་འགྱུར་སྤྲིན་ཚོགས་ལས་སྟེགས་དང་བོད་ཀྱི་གཞོན་ནུའི་ལས་གཏོད་ཀྱི“བོད་གཏོད་ལེགས་འདེམས”དྲ་ཐོག་ཚོང་དོན་ལས་སྟེགས་བར་དང་དེ་བཞིན་ལྷ་སའི་ཚན་རྩལ་སྤྱི་དམངས་མཉམ་གཏོད་བར་མཐོངས་བར་སྤྲིན་གྱི་ཕོ་ཉའི་ཚན་རྩལ་འདི་ཉིད་སློབ་གསོ་པུའི་ཀྲུང་གོའི་མཐོ་སློབ་གསར་གཏོད་ལས་གཏོད་སློབ་གསོའི་མནའ་འབྲེལ་གྱི་ཁག་དང་པོའི་ཁེ་ལས་ཚན་པ་50ཡི་གྲས་སུ་གྱུར་པ་མ་ཟད་ཀུང་སིའང་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་མི་76ཡོད་པའི་ཚན་རྩལ་གསར་གཏོད་ཁེ་ལས་ཤིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། འབྲུག་གྲགས་ཀྱིས་ངེད་ཚོའི་ཐོན་རྫས་ཁྲོད་ཀྱི“བོད་སྨན་ལྷ་རྗེ་བཟང་པོ”ཞེས་པས་མི་ཚོར་སྨན་བཅོས་དང་ནད་ལྟ་རོགས་ཐུབ་པ་དང་། “བོད་སྐད་སྐད་སྒྱུར་དཔོན”ཞེས་པས་སྐད་རིགས་ཕན་ཚུན་སྐད་སྒྱུར་ཐུབ་པ། “བོད་ལྗོངས་Uཁེ”ཞེས་པས་ཡུལ་སྐོར་བར་རང་མོས་ངང་ཡུལ་སྐོར་བྱེད་རོགས་ཐུབ་ཀྱི་ཡོད་ཅེས་བཤད།
          འབྲུག་གྲགས་ཀྱིས“ང་ཚོས་མ་ལག་དེ་དག་བཀོལ་སྤྱོད་བྱས་པ་བརྒྱུད་བོད་ཀྱི་མང་ཚོགས་དཀྱུས་མ་རྣམས་ས་གནས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཞུགས་ནས་འབབ་འཕར་ཕྱུག་འགྱུར་ཐུབ་རེ་ཡོད”ཅེས་བཤད།
          ཕུགས་འདུན་ནས་དངོས་ཡོད་བར་གྱི་ཧེ་བག
          སྒྲོན་མེ་གསོ་སྦྱོང་ལྟེ་གནས་ཀྱི་འགན་ཁུར་བ་ནོར་བུ་དགྲ་འདུལ་ལ་དགེ་རྒན་གྱི་ལས་ཀ་བརྟན་པོ་ཞིག་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་སེམས་ནང་གི་ཕུགས་འདུན་འགྲུབ་ཆེད་ལས་ཀར་ཞུགས་པའི་ལོ་གསུམ་པར་སེམས་ཐག་ཆོད་པོས་ལས་ཀ་དགོངས་ཞུ་བྱས་ཏེ་ལས་རིགས་འདྲ་མིན་སྣ་ཚོགས་ཉམས་ལེན་གྱིས་སྔ་རྗེས་སུ་ལས་ཀ་ཁག་བདུན་བརྒྱད་ཙམ་བརྗེས་པ་དང་གཞུང་འཛུགས་རྣམ་གྲངས་ཀྱི་སྐད་སྒྱུར་དང་མགྲོན་ཁང་གི་ཞབས་ཞུ་བ་བྱས་པ་ནས་པེ་ཅིང་དུ་གསོ་སྦྱོང་ལས་ཀ་བྱེད་པར་བསྐྱོད་པའི་བར་ཁོང་གིས་རང་ཉིད་དགའ་ཤོས་བྱ་ཡུལ་གང་ཡིན་པ་ཤེས་རྟོགས་བྱུང་མཐར་དཔེ་ཁྲིད་མི་སྐྱོང་བྱ་རྒྱུ་དེ་ཚེ་གང་འབད་འཐབ་ཀྱི་དམིགས་ཡུལ་དུ་གཏན་འཁེལ་གྱིས་སེམས་ཐག་བཅད་དེ་སྒྲོན་མེ་གསོ་སྦྱོང་ལྟེ་གནས་བཙུགས་པ་རེད།
          ལས་གཏོད་ལམ་བུའི་ཐོག་ནོར་བུ་དགྲ་འདུལ་དང་ཁོང་གི་ལས་གཏོད་ཚོགས་པས་བསམ་མི་ཕོད་པའི་དཀའ་གནད་དང་གནད་དོན་དེ་དག་ལ་མུ་མཐུད་ཁ་གཏད་བཅག་སྟེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཔྱད་གཞི་སྣ་ཚོགས་བལྟ་བ་དང་། འཇོན་ཐང་ཅན་ལ་སྐད་ཆ་དྲིས་པ་དང་སློབ་སྦྱོང་བྱས་ནས་དཀའ་སྤྱད་སྙིང་རུས་བྱས་མཐར་དཀའ་གནད་མཐའ་དག་ལས་རྣམ་པར་རྒྱལ་ཏེ་བྱ་གཞག་འཕེལ་རྒྱས་འགྲོ་འགོ་ཚུགས།
          2015ལོའི་དབྱར་དུས་སུ་ནོར་བུ་དགྲ་འདུལ་གྱིས་ཀྲེ་ཅང་སློབ་ཆེན་དང་། ཧྭ་ཏུང་དགེ་འོས་སློབ་གྲྭ། ཕུའུ་ཏན་སློབ་ཆེན། ནན་ཁའེ་སློབ་ཆེན་སོགས་མཐོ་སློབ་དང་ཐེན་ཅིན་ཧོང་ཀོང་སློབ་འབྲིང་དུ“ཕུགས་བསམ་ནས་དངོས་ཡོད་བར་གྱི་ཧེ་བག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཆད་ཁྲིད་བྱས་པ་རེད། ཁོང་གིས་བྱེད་ཐབས་དེ་དག་ལ་བརྟེན་ནས་སྐྱེས་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མའི་ལས་གཏོད་ལ་འཛིན་པའི་ངོས་འཛིན་དང་དེ་བཞིན་ཁོང་ཚོའི་ལས་གཏོད་ཀྱི་རྣམ་འགྱུར་ཤེས་པར་བྱས་པ་རེད།
          “སྒྲོན་མེ་སློབ་གསོའི་འབྱུང་འགྱུར་ལོ་གསུམ་གྱི་དམིགས་ཚད་ནི་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་ཡན་ལག་སློབ་གྲྭ་བཙུགས་ནས་བོད་ཀྱི་ཕྲུ་གུའི་ཕུགས་བསམ་གྱི་བློ་སྒོ་འབྱེད་མཁན་ཞིག་བྱ་རྩིས་ཡོད་པ་རེད། དེས་ན་དགེ་རྒན་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་དང་སློབ་ཆེན་ཐོན་པའི་སློབ་མ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཚེ་གཞི་ནས་དམིགས་ཚད་དེ་བདེ་བླག་ངང་མངོན་འགྱུར་ཐུབ་ངེས་ཡིན”ཞེས་ནོར་བུ་དགྲ་འདུལ་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གིས་ལས་གཏོད་ཀྱི་ལམ་བུའི་ཐོག་ཉམས་མྱོང་དེ་བས་མང་བ་གསོག་འཇོག་ཐུབ་པ་བྱས་ནས་བྱ་གཞག་ཧུར་ཐག་བཏོད་དེ་མི་དེ་བས་མང་བར་རང་ཉིད་ཀྱི་ཉམས་མྱོང་མཉམ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
ས་མཐོའི་གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར་བྱས་པ།
          “ངས་ལས་གཏོད་བྱེད་སྐབས་རྒྱལ་ཁབ་ཀྱི་ལས་གཏོད་སྲིད་ཇུས་བཟང་པོ་དང་སྐབས་འཁེལ་བས་སྡེ་ཚན་ཁག་གིས་ལས་གཏོད་ལྗང་མདོག་བགྲོད་ལམ་བཏོད་པ་དང་། ས་གནས་སྲིད་གཞུང་དང་འགོ་ཁྲིད་ཀྱིས་ཀྱང་ང་ཚོ་ལས་གཏོད་མཁན་ལ་རོགས་རམ་མང་པོ་བྱས་བྱུང”ཞེས་ལོ་27ལ་སླེབས་པའི་སྐར་མ་བརྩོན་འགྲུས་བཟང་པོས་རང་ཉིད་ཀྱི་ལས་གཏོད་ཀྱི་གྲུབ་འབྲས་ཉམས་མྱོང་ཕྱོགས་སྡོམ་བྱེད་སྐབས་སྲིད་གཞུང་གིས་སྐྲུན་པའི་ལས་གཏོད་ཀྱི་ཁོར་ཡུག་བཟང་པོར་བསྔགས་བརྗོད་བྱས་པ་རེད།
          ད་ཆ་ཁོང་གིས་ཡངས་པ་ཅན་དུ་ཕྱུགས་རིགས་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་བཙུགས་པ་མ་ཟད། ད་དུང་འདམ་གཞུང་དུ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་རིག་གནས་ཉམས་ལེན་ཞབས་ཞུའི་ལྟེ་གནས་དང་པོ་བཙུགས་ཏེ་མཉམ་སྡེབ་སྐྱས་སྤོའི་རིག་གནས་ཉམས་ལེན་དང་། ཉོ་སྒྲུབ། ལས་སྣོན། གྲོང་གསེབ་ཀྱི་ཐོན་རྫས་ཕྱིར་ཚོང་སོགས་མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུའི་ལས་སྟེགས་ཞིག་བཏོད་ཡོད།
          ལས་ཀར་ཞུགས་ནས་དུས་ཡུན་རིང་པོ་མ་སོང་བར་སྐར་མ་བརྩོན་འགྲུས་བཟང་པོས་སྲོལ་རྒྱུན་གྱི་སྐྱས་སྤོའི་ཡུལ་སྐོར་རིག་གནས་ཐོན་ཟོག་གི་ཚོང་ལས་གོ་སྐབས་ཤེས་རྟོགས་ཐུབ་ནས་རང་འགུལ་ངང“ལྕགས་ཕོར”གློད་བཏང་སྟེ་ལོ་ཕྱེད་ཙམ་གྱི་གཞུང་ཞབས་པའི་གླ་ཆ་དང་ས་ཁུལ་དེ་གའི་ཞིང་འབྲོག་པ་མ་རྐང་ནང་ཞུགས་པར་བརྟེན་ནས་ཡངས་པ་ཅན་དུ་ཕྱུགས་རིགས་ཐོན་རྫས་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
          2014ལོར་སྐར་མ་བརྩོན་འགྲུས་བཟང་པོས་དེ་སྔའི་མཉམ་ལས་ཁང་གི་རྨང་གཞིའི་ཐོག་འདམ་གཞུང་རྫོང་གི་དབུལ་སྐྱོར་མ་རྐང་ནང་ཞུགས་རྒྱུའི་རྣམ་གྲངས་བརྩོན་ལེན་བྱས་ནས་མཉམ་ལས་ཁང་གི་ཁོངས་མིར་མ་རྩ་མཉམ་བསྡུའི་སྐུལ་སློང་བྱས་ཏེ་བོད་བྱང་རྩྭ་ཐང་དང་། གནམ་མཚོ། གཉན་ཆེན་ཐང་ལྷ། ཡངས་པ་ཅན་ཆུ་ཚན་སོགས་གྲགས་ཅན་ མཛེས་ལྗོངས་ཁུལ་དུ་སྐྱོད་པའི་ལམ་ཟུར་དུ་བོད་ཀྱི་གྲོང་གསེབ་རིག་གནས་ཉམས་ལེན་ཞབས་ཞུའི་ལྟེ་གནས་བཙུགས་པ་རེད། རྣམ་གྲངས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་སྦྲགས་རྣམ་གྲངས་དེར་ས་ཁུལ་དེ་གའི་སྲིད་གཞུང་གིས་རོགས་སྐྱོར་ཤུགས་ཆེན་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་རེད།
          “མ་འོངས་ལོ་ཁ་ཤས་ནང་ང་ཚོའི་བསམ་ཚུལ་ནི‘ཡུལ་སྐོར+’འཐབ་ཇུས་ལག་བསྟར་བྱས་ཏེ་ལེགས་ཆ་ལྡན་པའི་རྣམ་གྲངས་འཕྱུགས་མེད་ངང་བཙལ་ནས་གྲོང་གསེབ་ཀྱི་དབུལ་སྒྲོལ་རྣམ་གྲངས་ཀྱི་ཐོན་ལས་ལྟེ་གནས་འཕེལ་རྒྱས་བཏང་སྟེ་ས་མཐོའི་གྲོང་གསེབ་ཀྱི་ཡུལ་སྐོར་རིམ་སྤོར”གཏོད་རྒྱུ་ཡིན་ཞེས་སྐར་མ་བརྩོན་འགྲུས་བཟང་པོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱི་ཁེངས་ནས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716