སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཤུགས་ཆེན་བཏང་བ།
སྤེལ་དུས། 2016-10-11   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་གྲོང་ཁྱེར་གྱི་གཟུགས་བརྙན་དང་སྤུས་རྟགས་སྐྱེ་བོ་སྔར་ལས་མང་བས་ཤེས་རྟོགས་ཐུབ་ནས་རིམ་བཞིན་འཛམ་གླིང་ལ་ཕྱོགས་བཞིན་ཡོད།
          “རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ”དང“ས་ཁོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ”གཏན་ལ་ཕབ་པ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པའི་ཁར“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་བོ་དང་སྣོད་བཅུད་ཡུལ་སྐོར་གྲོང་ཁྱེར་ཆེན་པོ་འཛུགས་པའི”དམིགས་ཚད་ལ་དམིགས་ནས། སྣོད་བཅུད་ཡུལ་སྐོར་ལས་རིགས་དེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་ལ་བརྩིས་ནས་གཙོ་གནད་ཐོག་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟབས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་བཟང་བའི་རྣམ་པ་ཐོན་ཡོད།
          “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1444.53ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་124.63བྱུང་བ་དང་། ཡུལ་སྐོར་ཁ་གྲངས་དང་ཡོང་འབབ་2010ལོའི་མི་ཐེངས་ཁྲི་152དང་སྒོར་དུང་ཕྱུར་11ནས་2015ལོའི་མི་ཐེངས་ཁྲི་352དང་སྒོར་དུང་ཕྱུར་35བར་མང་དུ་སོང་ནས་ལོར་ཆ་སྙོམས18.59%དང་24.67%འཕར་བ། ཡུལ་སྐོར་དང་འབྲེལ་ཡོད་ཐོན་ལས་ཀྱི་གནས་འཕར་རིན་ཐང་གིས་GDPཡི་བསྡུར་ཚད་2010ལོའི་20.49%ནས་2015ལོའི་29.85%བར་འཕར་ཡོད། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་ཁ་གྲངས་དང་ཡོང་འབབ་མི་ཐེངས་ཁྲི་171དང་སྒོར་དུང་ཕྱུར་13.85ཟིན་པ་དེ་དུས་མཚུངས་ལས་50.12%དང་32.02%སོ་སོར་འཕར་ཡོད།
          ཐོན་ལས་འཛུགས་སྐྲུན་ཐད། ཉིང་ཁྲི་གྲོང་ཁྱེར་གྱིས་རྣམ་གྲངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་ཁྱེར་དེ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་མ་དངུལ་སྒོར་ཁྲི་8115.36དང་སྤྱི་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ནས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་A5རིམ་པ་གཏོད་པ། མེ་ཏོག་མཛེས་ལྗོངས་ཁུལ་ཧྲིལ་པོ་གསར་སྤེལ། ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་རིམ་སྤོར། ཀོང་པོ་གཞིས་ཁའི་གསོལ་མགྲོན་ཁང་དང་གླིང་ལྔའི་རྒྱལ་སྤྱིའི་གསོལ་མགྲོན་ཁང་འཛུགས་སྐྲུན་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་རྒྱུར་སྐུལ་མ་བཏང་ཡོད།
          ཕྱི་ཕྱོགས་དྲིལ་བསྒྲགས་ཐད་ཉིང་ཁྲི་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་བཏོན་ནས་རྒྱལ་ནང་གི་ཡུལ་སྐོར་ཚོགས་པ་དང་ཁེ་ལས་སོགས་བརྟག་དཔྱད་ལ་གདན་དྲངས་ཏེ་རྒྱལ་ནང་གི་ཡུལ་སྐོར་འགྲེམས་ཚོགས་ཁག་ལ་ཞུགས་སུ་འཇུག་པ་དང་། ལྗོངས་ཕྱིའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པའི་ཐོག་ནས་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱ་རྒྱུར་གསོན་ཤུགས་གསར་པ་འཕེལ་བ་བྱེད་པ་མ་ཟད། བརྗོད་གཞི་མི་འདྲ་བའི་ཡུལ་སྐོར་རིག་གནས་དུས་ཆེན་སོ་སོར་གཉེར་ནས་གཞན་ལ་མེད་པའི་ཉིང་ཁྲིའི་ཡུལ་སྐོར་རིག་གནས་ཀྱི་ཡིད་དབང་འཕྲོག་པར་བྱས་ཡོད།
          དམངས་ཕྱུག་འབབ་འཕར་ཡོང་བའི་ཐད་ཆ་རྐྱེན་འཛོམས་པའི་ཞིང་འབྲོག་ཁུལ་ལ་ཡུལ་སྐོར་འཕེལ་རྒྱས་གཏོང་རོགས་བྱས་ཏེ་མང་ཚོགས་ཀྱིས་སྐྱེལ་འདྲེན་དང་། ཡུལ་ཟོག་བྲིན་ཚོང་། དངོས་ཟོག་བོགས་གཏོང་སོགས་བྱེད་པ་བརྒྱུད་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད། ཀོང་པོའི་རིག་གནས་ཀྱི་སྙིང་བཅུད་སྔོག་འདོན་དང་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་དང་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་གཉིས་ཟུང་དུ་འབྲེལ་ཚད་ཟབ་ཏུ་བཏང་ནས་སྔར་བས་དམངས་ཕྱུག་འབབ་འཕར་ཡོང་བ་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716