སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སུ་གཞི་ཁྱོན་ཆེ་བའི་ཞིང་ཆེན་རིམ་པའི་མ་ལམ་འཛུགས་སྐྲུན་བྱ་འཆར་ཡོད་པ།
སྤེལ་དུས། 2016-11-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  མང་མཁར་བློ་ཕུན་གྱིས་བསྒྱུར།
          ཉིན་ཤས་སྔོན། བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་མ་ལམ་དྲ་བའི་འཛུགས་སྐྲུན་འཆར་གཞི(2016—2030)》(འོག་ཏུ་འཆར་གཞི་ཞེས་སུ་བསྡུ་རྒྱུ)ལ་ཆོག་མཆན་དོན་འཁྱོལ་བྱུང་ཞིང་། 《འཆར་གཞི》ལྟར་ན། སྤྱི་ལོ་2030ལོའི་བར་དུ་བོད་ལྗོངས་སུ་ལྷ་ས་ནས་ས་ཁུལ་ཁག་གི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་བར་དུ་སྐར་མ་30ཚུན་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པ་མངོན་དུ་འགྱུར་རྒྱུ་དང་། རྫོང་གྲོང་73 (མཚོ་གཉིས་རྫོང་ཕུད)ལ་སྐར་མ་15ནང་ཚུན་གྱི་རྒྱལ་ལམ་འཛུགས་སྐྲུན་བྱ་རྒྱུ། གྲོང་རྡལ་70%ལ་སྐར་མ་15ཚུན་གྱི་ཞིང་ཆེན་རིམ་པའི་མ་ལམ་འཛུགས་སྐྲུན་བྱ་རྒྱུ། དཔལ་འབྱོར་ཁུལ་དང་གྲོང་ཁྱེར་ཕྱི་ནང་གི་འགྲིམ་འགྲུལ་འབྲེལ་ལམ་དམ་ཟབ་ཏུ་གཏོང་བ། གལ་ཆེའི་གྲོང་དང་གྲོང་རྡལ་བར་གྱི་འབྲེལ་ལམ་སྣ་མང་ཡུག་འབྲེལ་གྱི་དྲ་རྒྱའི་རྣམ་པ་གཏོད་པ། མཐའ་མཚམས་གཞུང་ལམ་སྦྲེལ་མཐུད་ཤར་གཏོང་ཐུབ་པ། རྒྱལ་སྲུང་འགྲིམ་འགྲུལ་གྱི་འགན་སྲུང་ནུས་པ་མངོན་གསལ་གོང་མཐོར་གཏོང་བ་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་འདུག 
          《འཆར་གཞི》ཡིས“གྲུབ་ཆ་གཙོ་བོ་སོར་བཞག་ཐོག་ཆ་ཤས་ལེགས་བཅོས”ཀྱི་རྩ་དོན་ལ་བརྩི་སྲུང་ཐོག་སྔར་ཡོད་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་ཁག་བཅོས་སྒྲིག་བྱ་རྒྱུ་ཡིན་པ་སྟེ། དེའང་འགྲིམ་འགྲུལ་གྱི་དགོས་མཁོ་དང་། ས་བབ་ཀྱི་ཆ་རྐྱེན། ཁོར་ཡུག་གི་ཤུགས་རྐྱེན་སོགས་རྒྱུ་རྐྱེན་སྣ་མང་ལ་ལྟོས་ནས་ལེགས་བཅོས་བྱས་ཏེ། ཞིང་ཆེན་རིམ་པའི་རྒྱལ་ལམ་གྱི་ཇུས་གཞིའི་སྤྱི་ཁོག་གྲུབ་པ་བྱ་རྒྱུ་ཡིན་འདུག ཇུས་གཞིའི་སྤྱི་ཁོག་དེ་ཉིད་མྱུར་བགྲོད་གཞུང་ལམ་8དང་། ལྷོ་བྱང་གི་དཀྱུས་ཐིག་9། ཤར་ནུབ་ཀྱི་འཕྲེད་ཐིག་3། འབྲེལ་ལམ་20བཅས་ཀྱིས་གྲུབ་ཡོད་པས་བསྡུས་མིང་དུ“མགྱོགས་ལམ་8དང་། དཀྱུས་ཐིག་9། འཕྲེད་ཐིག་3། འབྲེལ་ལམ་20”ཞེས་སུ་འབོད་ཅིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི་1.8ཡོད་པ་རེད། དེ་དག་གི་ཁྲོད་ཀྱི་མྱུར་བགྲོད་ལམ་8ནི་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་ལམ་དང་། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་ལམ། གཞིས་རྩེ་ནས་ཞི་བདེའི་གནམ་ཐང་བར་གྱི་མྱུར་བགྲོད་ལམ། ཉིང་ཁྲི་ནས་སྨན་གླིང་གནམ་ཐང་བར་གྱི་མྱུར་བགྲོད་ལམ་བཅས་དང་། གཞན་ཡང་། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ། ཆབ་མདོ་ནས་སྤོམ་མདའ་གནམ་ཐང་བར་གྱི་མྱུར་བགྲོད་ལམ། སེང་གེ་ཁ་འབབ་ནས་ཁུན་ཧྲ་གནམ་ཐང་བར་གྱི་མྱུར་ལམ། ཉིང་ཁྲི་ནས་ལྷ་ས་བར་གྱི་མྱུར་ལམ་བཅས་ཀྱིས་གྲུབ་ཡོད་པ་རེད།དེ་བཞིན། ལྷོ་བྱང་གི་དཀྱུས་ཐིག9ནི། རྒྱལ་མདའ་འདན་ཁོག་ནས་སྨར་ཁམས་བར་དང་། རྒྱལ་མདའ་སེང་རྟ་ནས་སྨར་ཁམས་ཞུས་ཀྲུང་བར་གྱི་ལམ་ཐིག། ཆབ་མདོ་ཀརྨ་ནས་རྫ་ཡུལ་ཚ་བ་རོང་བར་སོགས་དགུ་པོ་དང་། འབྲེལ་ལམ་20ནང་དུ་རི་བོ་ཆེ་གོང་གསར་ནས་རི་བོ་ཆེ་བར། ལྷོ་རོང་ནས་དཔའ་ཤོད་བར་གྱི་ལམ་ཐིག་སོགས་ཚུད་ཡོད་དོ། །
          《འཆར་གཞི》ལག་བསྟར་གྲུབ་རྗེས། བོད་ལྗོངས་ཀྱི་མ་ལམ་ཚགས་དམ་ཚད་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བརྒྱ་རེ་ལ་སྤྱི་ལེ་2.7བར་དུ་ཟིན་རྒྱུ་ཡིན་པ་དང་། དེ་ནི་ལག་བསྟར་མ་བྱས་སྔོན་གྱི་ལྡབ་2.7ཡིན་པ་རེད། རྒྱལ་ཁབ་རྒྱལ་ལམ་དྲ་བ་དང་མཉམ་དུ་བོད་དུ་འགྲོ་འོང་བྱེད་པའི་མ་ལམ་གྱི་སྤྱི་ཁོག་ལམ་ཆེན་འཛུགས་སྐྲུན་བྱས་ཏེ། བོད་ལྗོངས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཡོད་ཚད་འབྲེལ་མཐུད་བྱ་རྒྱུ་ཡིན་ཞིང་། ཁྱབ་ཡུལ་ནི་གྲོང་རྡལ་70%(རྒྱལ་ལམ་གྱི་ཁྱབ་ཚད་45%)དང་། གལ་ཆེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཐོན་ལས་རྟེན་གཞི། འགྲིམ་འགྲུལ་ལྟེ་བ་དང་གལ་ཆེའི་རྒྱལ་མཚམས་ཉོ་འཚོང་འགག་སྒོ་བཅས་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716