|
ཁྲོན་བོད་ལྕགས་ལམ་དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་ལམ་བུ་ཕྱི་ལོ་སྐྲུན་འགོ་འཛུགས་རྒྱུ་ཡིན་པ། |
སྤེལ་དུས། 2016-11-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་སྒྲིག་པ། ཆོས་སྒྲོན། |
སྔོན་དཔག་བྱས་ན། ལས་ཡུན་ལོ་7དང་ཕྱེད་ཀ་ཡིན་པ་དང་2025ལོར་ལྕགས་ལམ་ཧྲིལ་པོ་བསྐྲུན་ཟིན་རྒྱུ་ཡིན་པ། ཉེ་ཆར། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་ས་ནས་གནས་ཚུལ་གསར་པ་འབྱོར་བར། དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་ལམ་བུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2018ལོར་སྐྲུན་འགོ་འཛུགས་པའི་འཆར་འགོད་ནང་བཅུག་ཅིང་། སྔོན་དཔག་བྱས་ན། ལས་ཡུན་ལོ་7དང་ཕྱེད་ཀ་ཡིན་པ་དང་2025ལོར་ལམ་བུ་ཧྲིལ་པོ་བསྐྲུན་ཟིན་བཟོ་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་རྗེས་ཀྱི“མཁའ་ལམ”གསར་པ་ཞིག་ཡིན་ཞིང་། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་འགོ་བཙུགས་ཏེ་གཡག་རྔ་དང་དར་རྩེ་མདོ་བརྒྱུད་སྐམ་ཐོག་ནས་འབྲི་ཆུ་བརྒལ་ཏེ་བོད་རང་སྐྱོང་ལྗོངས་ས་ཁོངས་སུ་འབྱོར་རྗེས། ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ་བཅས་བརྒྱུད་དེ་མཐར་ལྷ་སར་འབྱོར་གྱི་ཡོད་པ་རེད། ལམ་བུ་ཧྲིལ་པོར་རིང་ཚད་སྤྱི་ལེ་1838ཡོད་པ་དང་། གསར་དུ་བསྐྲུན་རྒྱུའི་རིང་ཚད་ལ་སྤྱི་ལེ་1738ཡོད་པ། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་1413ཡོད་པ་དེས་ལམ་བུ་ཧྲིལ་པོའི་རིང་ཚད་ཀྱི་81%ཟིན་པ། ལས་གྲྭར་སྔོན་དཔག་བྱས་ན། མ་རྩ་སྒོར་དུང་ཕྱུར་2166གཏོང་རྩིས་ཡོད་པ། འཆར་འགོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200(ཚད་བཀག་ཁུལ་དུ་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160)ཟིན་རྒྱུ་ཡིན་པ་རེད། ཁྲོན་བོད་ལྕགས་ལམ་དེ་ཤར་ནས་ནུབ་བར་ཁྲེང་ཏུའུ་ནས་གཡག་རྔ་དང་། གཡག་རྔ་ནས་དར་རྩེ་མདོ། དར་རྩེ་མདོ་ནས་ཉིང་ཁྲི། ཉིང་ཁྲི་ནས་ལྷ་ས་བར་བཅས་དུམ་བུ་བཞི་རུ་དབྱེ་ནས་དུམ་བུ་བགོས་ཏེ་སྐྲུན་རྒྱུ་ཡིན་ཞིང་། དེའི་ཁྲོད་ནས་དར་རྩེ་མདོ་ནས་ཉིང་ཁྲི་བར(ཆབ་མདོ་དུམ་བུ)གྱི་དུམ་བུ་ནི་ལམ་བུ་ཧྲིལ་པོའི་འཛུགས་སྐྲུན་གྱི་ཆེས་མཐའ་མཇུག་གི་དུམ་བུ་རེད་ལ། སྔོན་དཔག་བྱས་པའི་ལས་ཡུན་རིང་ཤོས་དང་ལས་གྲྭའི་དཀའ་གནད་ཆེ་ཤོས་ཀྱི་དུམ་བུ་ཞིག་ཀྱང་རེད། ཁྲོན་བོད་ལྕགས་ལམ་དེ“སྐྲུན་ཁག་ཤོས་ཀྱི་ལྕགས་ལམ”ཡིན་ཞིང་། བོད་དུ་སྐྱོད་སའི་ལམ་ཆེན་གཅིག་པ་ཡིན་པའི་ངོས་ནས“མཁའ་ལམ”ཞེས་འབོད་པའི་མཚོ་བོད་ལྕགས་ལམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་སྤྱི་ལེ་100ཡིས་ཐུང་བ་ཡོད་མོད། ལས་ཡུན་རིང་བ་དང་མ་དངུལ་གཏོང་ཚད་མཚོ་བོད་ལྕགས་ལམ་གྱི་ལྡབ་ཁ་ཤས་ཡིན་པ་རེད། སྤྱི་ལོ་2014ལོའི་ལོ་མཇུག་ཏུ་ཁྲོན་བོད་ལྕགས་ལམ་གྱི་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ་དང་། 2015ལོའི་ཟླ་6པར་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ། 2016ལོའི་ཟླ་དང་པོར་གཡག་རྔ་ནས་དར་རྩེ་མདོ་བར(ར་རྔ་ཁལ)གྱི་དུམ་བུ་བསྐྲུན་ན་འཐུས་པའི་ཞིབ་འཇུག་སྙན་ཞུར་བཟོ་བཅོས་རྩོམ་སྒྲིག་བྱས་པ། 2016ལོའི་ཟླ་10པར་དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་དུམ་བུ་བསྐྲུན་ན་འཐུས་པའི་སྔོན་དཔག་ཞིབ་འཇུག་གྲུབ་འབྲས་ལེགས་གྲུབ་ཟིན་པ་བཅས་རེད། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཁྲོན་བོད་ལྕགས་ལམ་ཆབ་མདོ་དུམ་བུའི་ཁ་ཕྱོགས་འཆར་འགོད་སྤྱིར་ན་གཏན་འཁེལ་བ་སྟེ། དར་རྩེ་མདོའི་བབས་ཚུགས་ནས་མཐུད་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་དང་། འབའ་ཐང་རྫོང(སྟག་ཤོད) དཔལ་ཡུལ་རྫོང་བཅས་བརྒྱུད་ནས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་འབྱོར་རྗེས་རྒྱལ་ལམ་G317བརྒྱུད་ནས་འགོ་འཇོ་དང་། ཆུ་གཉིས་མདོ(གཡུ་ལུང) ཐོ་པ། ཆབ་མདོ་བཅས་བརྒྱུད་ནས་ལྕགས་ཁར་འབྱོར་རྗེས་དཔའ་ཤོད་རྫོང་ནས་ཐང་སྨད་བརྒྱུད་དེ་ཉིང་ཁྲིར་འབྱོར་གྱི་ཡོད། ལྕགས་ལམ་དེ་བསྐྲུན་ཟིན་རྗེས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་ཡུལ་སྐོར་ཁུལ་དང་བོད་འབྲེལ་མཐུད་ཐུབ་པ་མ་ཟད། ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་ནུབ་ཕྱོགས་ཀྱི་གལ་ཆེའི་ལམ་བུ་ཞིག་ཀྱང་ཆགས་རྒྱུ་རེད། |
|
|||||||||||
| |||||||||||