སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་གྱིས་དཔྱིད་གསར་སྐྱེལ་འདྲེན་བསུས་པ།
སྤེལ་དུས། 2017-01-17   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  རྡོ་རྗེ།
          ཞོགས་པའི་སྐྱ་མདའ་མ་བཏང་གོང་གི་ཆུ་ཚོད་7པར་ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་འཛུལ་སྒོར་གྲལ་སྟར་རིང་པོ་བསྒྲིགས་པའི་འགྲུལ་པས་ཁེངས་ཤིང་། ཐང་ཆེན་ཐོག་རྡོག་ཁྲེས་ཁུར་ནས་བྲེལ་བརྩོན་ཆེ་བའི་འགྲུལ་པ་རྣམས་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། ཟླ་1ཚེས་13ཉིན་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཡིན་པའི་ས་མཐོའི་ལྕགས་ལམ་སྟེ། མཚོ་བོད་ལྕགས་ལམ་གྱིས་2017ལོའི་དཔྱིད་གསར་སྐྱེལ་འདྲེན་བསུ་འགོ་ཚུགས་ཡོད།
          མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གི་ཆོས་ལྡན་སྟོབས་རྒྱལ་གྱིས་ཞོགས་པ་སྔ་པོ་ནས་སྤ་སེ་འཚོང་སའི་སྐར་ཁུང་འོག་སྐར་མ་30ཙམ་བང་བསྒྲིགས་པས། མཐར་ཉིན་དེ་གར་ལྷ་སར་བསྐྱོད་པའི་ཉལ་ཁྲི་དཀྱུས་མའི་སྤ་སེ་5ཉོ་ཐུབ། ད་ལོ་ལོ་68ལ་སླེབས་པའི་ཆོས་ལྡན་སྟོབས་རྒྱལ་གྱི་ཨ་མར་གྲུམ་བུའི་ནད་ཕོག་ཡོད་པས་འགྲོ་སྐྱོད་སྟབས་བདེ་པོ་མེད། ཉེ་འགྲམ་གྱི་དང་བླངས་པས་གནས་ཚུལ་དེ་མཐོང་མ་ཐག་རྐུབ་སྟེགས་འཁོར་ལོ་ཅན་འཁྱེར་ཡོང་ནས་ཁོང་ཚོ་ནང་མི་ཚང་མ་འགོག་མེད་བགྲོད་ལམ་ནས་མེ་འཁོར་སྒུག་ཁང་ནང་བསྐྱལ།
          ཟི་ལིང་མེ་འཁོར་བབས་ཚུགས་ཀྱི་ཀྲན་ཀྲང་གཞོན་པ་ཀྲང་ཆང་གིས། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ལོ་ལྔའི་རིང་འགོ་ཚུགས་སྔ་ཤོས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ཞིག་ཡིན། འགྲུལ་པ་རྣམས་བདེ་འཇགས་ངང་རྡོག་ཐོན་བྱ་ཆེད། ཟི་ལིང་བབས་ཚུགས་ཀྱིས་གཟའ་འཁོར་གཅིག་གི་སྔ་སྣུར་དུ་སྤ་སེ་འཚོང་ས་དང་། ཐོན་སྒོ མེ་འཁོར་སྒུག་ཁང་བཅས་སུ་མི་སྣ་བཀོད་སྒྲིག་བྱས་པ་མ་ཟད། མཐའ་ན་ཐང་ཆེན་ཐོག་ཏུའང་ཁྲིད་སྟོན་དང་མཐུན་སྦྱོར་ཞབས་འདེགས་ཞུ་བའི་མི་སྣ་བཀོད་སྒྲིག་བྱས་པ་དང་མང་ཆེ་བ་རྒྱ་བོད་སྐད་གཉིས་བྱང་ཆུབ་པོ་ཡོད། ཟི་ལིང་བབས་ཚུགས་ཀྱིས་ད་དུང“ཞིང་པ་ལས་མི་བདེ་འཇགས་ངང་ཕྱིར་ལོག་ཐུབ་པའི་ཞབས་ཞུའི་ལས་གནས”བཙུགས་ཁར། ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ཞིང་པ་ལས་མིའི་ཕྱིར་ལོག་ཆ་འཕྲིན་བསྡུ་རུབ་དང་སྤ་སེ་ཉོ་རོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ཆུ་ཚོད་7དང་སྐར་མ་30ཙམ་ལ་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་ཁང་ནང་འགྲུལ་པ་ཧ་ཅང་མང་པོ་འབྱོར། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་འཛུལ་སྒོར་ཡོད་པའི“དར་མཚོན་སྣ་ལྔའི་ཁ་བཏགས་འགྲུལ་པའི་ཞབས་ཞུ་ལྟེ་གནས”སུ་འཕྲལ་སྡོམ་སྨན་སྒམ་དང་ས་མཐོར་ཡུལ་སྐོར་བྱེད་པའི་བདེ་ཐང་ལག་དེབ་སོགས་ཅ་དངོས་སྒྲིག་ཡོད་པ་མཐོང་བྱུང་། འགྲུལ་པ་བོད་ནས་ཐོན་སྐབས་འཕྲད་སྲིད་པའི་ས་མཐོ་མི་འཕྲོད་པ་ནད་ལ་ཁ་གཏད་ཡག་པོ་གཅོག་ཆེད། ལས་དོན་མི་སྣས་འགྲུལ་པར་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ནས་བཟོས་པའི“བདེ་ཐང་ཐོ་འགོད་གཱ”ཐོག་རུས་མིང་དང་། མེ་འཁོར་ཐེངས་གྲངས། བདེ་ཐང་གནས་ཚུལ་སོགས་ཀྱི་ཆ་འཕྲིན་འགོད་དུ་འཇུག་གི་ཡོད།
          ཤར་མཚོ་སྔོན་ཟིང་ལིང་ནས་ནུབ་བོད་ལྗོངས་ལྷ་ས་བར་གྱི་མཚོ་བོད་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་1956ཡོད་པ་དང་དེ་ནི་བོད་ནས་མེ་འཁོར་བསྡད་དེ་ནང་སར་བསྐྱོད་པའི་ལྕགས་ལམ་གཅིག་པུ་དེ་ཡིན། མཚོ་བོད་ལྕགས་ལམ་ཀུང་སིའི་ལས་དོན་མི་སྣ་ཝང་ཐའོ་ཡིས་གསར་འགོད་པར་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་40ཡི་རིང་མཚོ་བོད་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་130སྐྱེལ་འདྲེན་བྱ་རྩིས་ཡོད་པའི་ནང་ལྷ་ས་བབས་ཚུགས་ཀྱིས་མི་ཐེངས་ཁྲི་16དང་ཟི་ལིང་བབས་ཚུགས་ཀྱིས་མི་ཐེངས་ཁྲི་68སྐྱེལ་འདྲེན་བྱ་རྒྱུ་དང་ལམ་ཐག་ཧྲིལ་པོར་ཉིན་རེར་ཆ་སྙོམས་བྱས་ན་མི་ཐེངས་ཁྲི་3.25སྐྱེལ་འདྲེན་བྱ་རྒྱུ་དེ་དུས་མཚུངས་ལས་4.8%འཕར་ཡོད་པ་རེད།
          འདི་ལོ་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ཨང་11པ་དེ་བསུས་ཡོད། འདས་ཟིན་པའི་ལོ་10ཡི་རིང་ལྕགས་ལམ་དེས་སྐྱེལ་འདྲེན་ནུས་པའི་སྒྱུར་བཅོས་རྣམ་གྲངས་ཁག་གཅིག་ལེགས་སྒྲུབ་བྱས་པས་དབོར་འདྲེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྐྱེལ་གསར་སྐྱེལ་འདྲེན་རིང་ལྷ་ས་བབས་ཚུགས་ཁོ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2007ལོའི་འགྲུལ་པ་62604ནས་2016ལོའི་འགྲུལ་པ་168654བར་མང་དུ་ཕྱིན་པ་དང་འཕར་ཚད་ལྡབ་2.7ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716