སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་རིམ་མཐོའི་གཞུང་ལམ་ལ“སྐོར་ལམ་གཉིས”ཀྱི་རྣམ་པ་རགས་ཙམ་ཐོན་རྒྱུ་ཡིན་པ།
སྤེལ་དུས། 2017-02-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
ལྷ་ཉིང་དང་གོང་དཀར་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་ལྷ་སའི་གྲོང་སྐོར་ལམ་སྔོན་དཔག་ལྟར་ན་ཟླ་བདུན་པར་ཤར་གཏོང་ཐུབ་རྒྱུ་ཡིན་པ།
​          འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལྷ་ས་ནས་ཉིང་ཁྲི་བར་དང་གོང་དཀར་གནམ་གྲུ་ཐང་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་རྒྱུ་ཐུབ་པ་བྱ་རྒྱུ་ཞེས་བཏོན་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་སའི་གྲོང་སྐོར་ལམ་ཡང་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་། དེ་དུས་གཞུང་ལམ་གསུམ་གྱི་ཐོག་ཟླ་བདུན་པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
​          བོད་ཀྱི་དབུས་རྒྱུད་སྐོར་ལམ་རིམ་མཐོ་ཅན་དུ་གྱུར་པ་དང་བསྟུན་ནས་ལྷ་སའི་གྲོང་སྐོར་ལམ་དུ་ཡང་རིང་མིན་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པས། སྐབས་དེ་དུས་རང་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་ལ“སྐོར་ལམ་གཉིས”ཀྱི་རྣམ་པ་རགས་ཙམ་ཐོན་རྒྱུ་རེད།
​          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས《བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་ཐད་སྲོལ་རྒྱུན་ལས་བརྒལ་བའི་འཕེལ་རྒྱས་ཇུས་གཞི》བཟོས་ཏེ་བསྐལ་ལ་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ་དང་། སྨན་གླིང་ནས་བྲག་ཡིབ་བར་དང་། ལྷ་ས་ནས་ཉིང་ཁྲི་བར། གོང་དཀར་གནམ་གྲུ་ཐང་ནས་རྩེད་ཐང་བར། གཞིས་རྩེ་ཞི་བདེ་གནམ་གྲུ་ཐང་ནས་བསམ་གྲུབ་རྩེ་ཆུས་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་ལས་གྲྭ་ལག་ལེན་བསྟར་བ་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་རེད། ད་དུང“ཕུག་ལམ་ལྔ་དང་ཟམ་པ་གཉིས”གཙོ་བོར་བྱས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ལམ་དུམ་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭ་ལེགས་གྲུབ་བྱུང་ནས་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པས་ཁྲོན་བོད་གཞུང་ལམ་གྱི“ཐང་སྨད་འགག་འཕྲང”ཞེས་པ་ལོ་རྒྱུས་སུ་གྱུར་ཡོད།
​          ལོ་བཞི་ལྷག་ཙམ་འབད་འཐབ་ཧུར་ཐག་བྱས་པ་བརྒྱུད། བསྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་རིམ་མཐོའི་གཞུང་ལམ་སྤྱི་ལེ་739ཟིན་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.25ཟིན་ཡོད།
​          ལྷ་ས་ནས་ཉིང་ཁྲི་བར་དང་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ནི་བོད་དབུས་དཔལ་འབྱོར་གླིང་གི་འགྲིམ་འགྲུལ་མ་ལམ་གཙོ་བོར་གྱུར་ཡོད་ཅིང་། དེའི་ཁྲོད་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་409.2ཟིན་པ་དང་། ཚོད་རྩིས་བྱས་ན། ཁྱོན་མ་དངུལ་སྒོར་དུང་ཕྱུར་380བཏང་ཡོད། དུས་བཀག་དང་པོའི་ལས་གྲྭ་2013ལོའི་ཟླ་5པར་ལས་འགོ་བཙུགས་ནས་2015ལོའི་ཟླ་9པར་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། དུས་བཀག་གཉིས་པའི་ལས་གྲྭ་2016ལོའི་ཟླ་3པར་ཁྱོན་ཡོངས་ནས་ལས་འགོ་བཙུགས་པ་རེད། གོང་དཀར་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་འཛུགས་སྐྲུན་ལམ་ཚད་སྤྱི་ལེ་89.7ཟིན་པ་དང་རྣམ་གྲངས་ཧྲིལ་པོར་སྒོར་དུང་ཕྱུར་50.33བཏང་ཡོད། ལྷ་ས་ནས་ཉིང་ཁྲི་བར་དང་། ཉིང་ཁྲི་ནས་ལྷོ་ཁ་བར། ལྷོ་ཁ་ནས་ལྷ་ས་བར་གྱི་ལམ་དུམ་གཙོ་བོ་རིམ་མཐོ་ཅན་དང་སྣུམ་ནག་ལམ་དུ་གྱུར་བ་དང་བསྟུན་ནས་བོད་དབུས་ཀྱི་འགྲིམ་འགྲུལ་སྐོར་ལམ་རིང་མིན་དུ་ཆགས་རྒྱུ་རེད།
​          ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་2015ལོའི་ཟླ་10ཚེས་7ཉིན་ལས་འགོ་བཙུགས་ཤིང་། དེ་གྲོང་སྐོར་བྱང་ལམ་དང་། གྲོང་སྐོར་བྱང་ལམ་གྱི་སྣུར་སྲིང་ལམ་དུམ། གྲོང་སྐོར་ནུབ་ལམ། སྣེའུ་ཤར་ཟམ་ཆེན་བཅས་གྲུབ་ཆ་གཙོ་བོ་ལྔ་ལས་གྲུབ་ཡོད། གཞུང་ལམ་སྤྱི་ལེ་72.18གསར་སྐྲུན་བྱ་རྒྱུ་ཡིན་པ་དང་དེར་མ་དངུལ་སྒོར་དུང་ཕྱུར་113.1གཏོང་རྒྱུ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་གྱི་རྣམ་གྲངས་སྤྱི་ཡོངས་ཀྱི་འཕེལ་རིམ་བདེ་བླག་ཡོད་པ་དང་། ད་ཆ་རླངས་འཁོར་ཤར་སྐྱོད་རགས་ཙམ་ཐུབ་པ་མ་ཟད། འདི་ལོའི་ཟླ་7པར་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པས། སྐབས་དེ་དུས་ལྷ་སར“གསེར་སྐུད་ཀྱི་སྐེ་རགས”ཤིག་འཆིང་རྒྱུ་རེད།
​          ལྷ་སའི་གྲོང་སྐོར་ལམ་རྣམ་གྲངས་ཀྱི་ཤར་རྒྱུད་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་འབྲེལ་བ་དང་། ལྷོ་རྒྱུད་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་དང་འབྲེལ་བ། ནུབ་རྒྱུད་རྒྱལ་ལམ་318དང་འབྲེལ་བ། བྱང་རྒྱུད་རྒྱལ་ལམ་109དང་འབྲེལ་བ་བཅས་རེད། རྣམ་གྲངས་དེའི་ས་གནས་ས་ཐོག་གི་བཀོད་འདོམས་པུའི་བཀོད་འདོམས་དཔོན་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ལིན་ཧྲེང་གིས་གྲོང་སྐོར་ལམ་འཛུགས་སྐྲུན་བྱ་རྒྱུ་དེས་བོད་ཀྱི་དེང་རབས་ལམ་དྲ་གཙོ་བོའི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་དང་བོད་དབུས་ཀྱི་དཔལ་འབྱོར་གླིང་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐད་ནུས་པ་ཧ་ཅང་གལ་ཆེན་ཐོན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
​          སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། འདི་ལོ་ནག་ཆུ་ནས་ལྷ་ས་བར་དང་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ས་དགའ་ནས་སྣང་རྫོང་བར་དང་། སྤོ་བོ་ནས་མེ་ཏོག་བར། འཕྱོངས་རྒྱས་ནས་མཚོ་སྣ་བར། སེང་གེ་ཁ་འབབ་ནས་སྤུ་ཧྲེང(རྩྭ་མདའི་ལམ་ཕྲན་ཚུད་པ)བར་སོགས་ཀྱི་གཞུང་ལམ་ལས་གྲྭ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ། ཆབ་མདོ་ནས་སྡེ་དགེ་བར་དང་། ཆབ་མདོ་ནས་འགུ་རོ་གྲོང་རྡལ་བར། ཁྲོན་བོད་གཞུང་ལམ། ལྷ་ས་ནས་གཞིས་རྩེ་བར། གཞིས་རྩེ་ནས་སྐྱིད་གྲོང་འགག་སྒོ་བར་སོགས་རིམ་མཐོའི་གཞུང་ལམ་གྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཆ་རྐྱེན་ལྡན་ཚེ་འོས་འཚམ་སྐབས་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716