སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4600ཡོད་པའི་སར་དཔྱིད་གསར་སྐྱེལ་འདྲེན་བརྟན་སྲུང་བྱེད་པ།
སྤེལ་དུས། 2017-02-15   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  དབང་འདུས་ཀྱིས་བསྒྱུར།
—— ཐོག་ཐོན་གཙང་པོའི་གློག་ཤུགས་བཟོ་པས་ཞིབ་བཤེར་བཟོ་བཅོས་བྱེད་པའི་ཉིན་ཐོ།
          “དཔྱིད་གསར་སྐྱེལ་འདྲེན་རིང་ང་ཚོས་ཉིན་ལྟར་གློག་སྐུད་སྒྲིག་ཆས་སྐོར་ཞིབ་དང་ཞིབ་བཤེར་བྱེད་དགོས་པ་དང་གལ་ཏེ་ང་ཚོའི་གློག་ཤུགས་གློག་སྐུད་ལ་སྐྱོན་ཤོར་ཚེ་ལྕགས་ལམ་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པས་གནས་ཚུལ་དེ་རིགས་ཐོན་ཚེ་ཉེན་ཁ་ཆེན་པོ་ཡོད”ཅེས་ན་གཞོན་བོད་རིགས་ལས་བཟོ་ངག་དབང་ཚེ་རིང་གིས་འགྲོ་གིན་དུ་དེ་ལྟར་བཤད།
          ཐོག་ཐོན་གཙང་པོའི་གློག་ཤུགས་ལས་ཁུལ་ནི་མཚོ་བོད་ས་མཐོའི་ཆ་སྙོམས་ས་བབ་སྨི་4600ཡོད་པའི་ཐོག་ཐོན་གཙང་པོ་གྲོང་རྡལ་དུ་གནས་པ་དང་ཁོང་ཚོའི་ལས་འགན་གཙོ་བོ་ནི་མཚོ་བོད་ལྕགས་ལམ་གྱི་སྤྱང་ཀིའི་གདོང་ནས་གདང་ལ་བར་གྱི་སྤྱི་ལེ་250ཡི་ལྕགས་ལམ་གློག་ཤུགས་གློག་སྐུད་སྒྲིག་ཆས་ཞིབ་བཤེར་བཟོ་བཅོས་དང་སྲུང་སྐྱོང་བྱས་ཏེ་ཁུལ་དེའི་ནང་གི་ལྕགས་ལམ་ཐོན་སྐྱེད་ཚན་པ་དང་དེ་བཞིན་གློག་སྐུད་བརྡ་རྟགས་འཕྲུལ་ཆས་དང་ལྕགས་ལམ་གསེབ་ཀྱི་གངས་བཞུར་བ་སོགས་ཀྱི་སྒྲིག་ཆས་ལ་གློག་མཁོ་འདོན་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།
          ཁུལ་དེའི་ནང་གི་ས་བབ་མཐོ་ཤོས་ནི་གདང་ལ་ཡིན་པ་དང་རྒྱ་མཚོའི་ངོས་ལས་ས་བབ་སྨི་5072ཡོད་ཅིང་། ལོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་10ཙམ་དུ་སླེབས་པ་དང་དགུན་དུས་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཏུའུ་40ཟིན་ནས་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ནང་སའི་40%ཡང་ཟིན་གྱི་མེད། ལོ་ལྟར་ཟླ་10པ་ནས་ཕྱི་ལོའི་ཟླ་4པ་བར་ནི་ཐོག་ཐོན་གཙང་པོར་བྱེ་རླུང་ལྡང་བའི་དུས་ཚིགས་ཡིན་པ་དང་རྟག་ཏུ་ལྷགས་པ་ཆེན་པོ་བརྒྱབ་ནས་སྐོར་ཞིབ་ལས་དོན་སྤེལ་རྒྱུའང་རྣམ་ཀུན་ལས་དེ་བས་དཀའ་ཚེགས་ཆེ་བ་ཡོད།
          རིང་མིན་གོང་ཁ་བ་ཆེན་པོ་ཞིག་བབས་མ་ཐག་ཡིན་པ་དང་ངག་དབང་ཚེ་རིང་དང་ལས་རོགས་གསུམ་གྱིས་གློག་སྐུད་སྐོར་ཞིབ་བྱེད་སྐབས་རྐང་པ་གངས་ཁྲོད་དུ་དིམ་ནས་རྐང་རྗེས་ཁྲ་ལྷམ་མེར་གསལ། གློག་ཤུགས་ལྕགས་སྒྲོམ་འོག་ཏུ་བསྐྱོད་དེ་ངག་དབང་ཚེ་རིང་གིས་ལག་ནང་གི་རྒྱང་ཤེལ་སྤྱད་དེ་ལྕགས་སྒྲོམ་གྱི་རྩེ་མོར་ཡོད་པའི་གློག་གཅོད་དཀར་བུམ་དང་། གཅུས་གཟེར། གཅུས་གདན་སོགས་སྒྲིག་ཆས་ཀྱི་ལྷུ་ལག་ལ་ཞིབ་བཤེར་ནན་པོ་བྱས། “གཅུས་གཟེར་དེ་ལྷུག་ཏུ་སོང་འདུག་པས་རྗེས་སུ་ཞིབ་བཤེར་བཟོ་བཅོས་བྱེད་སྐབས་ལྟ་ཙམ་བྱེད་དགོས”ངག་དབང་ཚེ་རིང་གིས་ལས་རོགས་ལ་དེ་ལྟར་ཤོད་ཀྱིན་རང་ཉིད་ཀྱི་ཉིན་ཐོའི་དེབ་ནང་སྒྲིག་ཆས་གནས་ས་དང་། ཤེས་རྟོགས་ཐུབ་པའི་མངོན་མེད་རྐྱེན་ངན་དང་གནད་དོན་ཚབས་ཆེ་ཆུང་ཟིན་ཐོ་བཀོད་ཡོད།
          ཉིན་དགུང་འཆར་སྐབས་ངག་དབང་ཚེ་རིང་དང་ལས་རོགས་ཚོས་གདང་ལའི་མི་མེད་གློག་སྒྱུར་སུའོ་རུ་སྐོར་གཟིགས་བྱས་པ་དང་གློག་སྤྱོད་ཆུ་སྣོད་ནང་ཆུ་བསྐོལ་ཏེ་ཚང་མས་སྟབས་བདེའི་ཐུག་པ་རེ་སྦངས། “ཕྱི་ཕྱོགས་སུ་སྐོར་ཞིབ་བྱེད་སྐབས་སྟབས་བདེའི་ཐུག་པ་ཚ་པོ་བཟའ་རྒྱུ་བྱུང་བ་དེ་ནི་ལྟོ་ཆས་ཡག་ཤོས་ཡིན་པ་དང་རྣམ་ཀུན་སྐོར་ཞིབ་བྱེད་སྐབས་ཆུ་བསྐོལ་ས་མེད་པས་མོག་མོག་དང་ཆུ་གྲང་མོ་འཐུང་དགོས་ཀྱི་ཡོད”ཅེས་ངག་དབང་ཚེ་རིང་གིས་བཤད།
          ཉིན་དགུང་གི་ཁ་ལག་བཟས་རྗེས་ཁོང་ཚོས་སླར་ཡང་ནུབ་ངོས་སུ་རྐང་ཐང་མར་སྐོར་ཞིབ་བྱེད་དུ་བསྐྱོད། ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་20ཙམ་དུ་ཉིན་དེའི་སྐོར་ཞིབ་ལས་འགན་མཇུག་འགྲིལ་བ་དང་ངག་དབང་ཚེ་རིང་གི་ཉིན་ཐོའི་དེབ་ནང་སླར་ཡང་ལས་ཀའི་སྐོར་ཤོག་ལྷེ་དྲུག་བདུན་བྲིས་ཡོད། “ལས་ཁུལ་དུ་ལོག་རྗེས་དེ་དག་ལེགས་སྒྲིག་བྱས་ཏེ་གནད་དོན་ཆུང་ཙག་ཚང་མ་ལྷོད་གཡེང་གཏོང་མི་རུང”ཅེས་ངག་དབང་ཚེ་རིང་གིས་གསར་འགོད་པར་བཤད།
          ཉིན་ཐོའི་དེབ་ཆུང་ཐོག་གྲང་རླུང་ཁྲོད་ཀྱི་ལོ་ཟླ་ཟིན་བྲིས་བྱས་པ་མ་ཟད། གློག་ཤུགས་བཟོ་པའི་འགན་འཁྲི་དང་ལས་འགན་དེ་བས་ཐོ་འགོད་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716