སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འཛམ་གླིང་སྟེང་གི་ཆེས་མཐོ་བའི་ཕུགས་ལམ་རིང་པོ་འགྲུབ་ལ་ཉེ།
སྤེལ་དུས། 2017-02-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཔའ་ཆེན་གྱིས་བསྒྱུར།
          གསར་འགོད་པས་རྒྱལ་ལམ318པའི་བོད་ལྗོངས་ཉིང་ཁྲི་དང་ལྷ་ས་བར་གྱི་གཞུང་ལམ་བསྐྱར་ལས་བཟོ་འགོད་ཀྱི་ཀོང་པོ་བར་ལའི་ཕུགས་ལམ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་འདྲེས་མཚམས་སུ་ཆགས་ཡོད་པའི་ཀོང་པོ་བར་ལའི་ཕུགས་ལམ་དེ་ད་ལོའི་ཟླ6པའི་ཚེས30ཡོངས་སུ་འགྲུབ་རྒྱུ་རེད། སྐབས་དེར་དེ་ནི་འཛམ་གླིང་གི་མཚོ་ངོས་ལས་ཆེས་མཐོ་བའི་གཞུང་ལམ་ཕུགས་ལམ་རིང་པོར་འགྱུར་ངེས། 
          ཀོང་པོ་བར་ལའི་ཕུགས་ལམ་ལས་གཞི་ནི་རྒྱལ་ལམ318པའི་ཉིང་ཁྲི་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་ལས་བཟོ་འགོད་ཀྱི་ཚོད་འཛིན་རང་བཞིན་གྱི་བཟོ་འགོད་ཅིག་རེད། ཆ་སྙོམས་སུ་མཚོ་ངོས་ལས་མུས4740ཡན་དུ་གནས། ཕུགས་ལམ་དེ་ཕྱོགས་གཉིས་ཀར་འཁོར་ལམ་བཞི་ཅན་གྱི་རིམ་པ་དང་པོའི་ཚད་གཞི་ལྟར་ལས་བཞིན་ཡོད་ལ། གཡོན་ལམ་གྱི་རིང་ཚད་ལ་མུས5727དང་གཡས་ལམ་གྱི་རིང་ཚད་ལ་མུས5720ཡོད་པས་ཕུགས་ལམ་རིང་པོ་གྲས་སུ་གཏོགས།  
          མཚོ་ངོས་ལས་མཐོ་བའི་རང་བྱུང་གི་ཤུགས་རྐྱེན་ཐེབས་ནས་ཀོང་པོ་བར་ལ་ཕུགས་ལམ་ལས་པའི་ཁྲོད་ནས་དཀའ་སྡུག་ཆེན་པོ་མི་ཉུང་བར་འཕྲད། རྒྱུས་ལོན་པ་ལྟར་ན། ཕུགས་ལམ་ཁའི་གཡས་གཡོན་གྱི་བྲག་རྡོ་ཐེངས་མང་པོར་མར་ཉིལ་བ་དང་ཆུ་འཕྱུར་བ་དང་། ཕུགས་ལམ་གྱི་འགྲམ་ནས་ཉིན་རེར་ཆུ་དཔངས་གཟུགས་གྲུ་བཞི་མ38590.76འཕྱུར་བའི་སྐབས་ཀྱང་ཡོད། དེ་ལས་གཞན། ཕུགས་ལམ་ནང་དུ་ཧ་ཅང་གྲང་ལ་དབྱངས་དབུགས་མི་འདང་བས་དགུན་དུས་སུ་ཆེས་དམའ་བའི་དྲོད་ཚད་གོར་ཐིག་མན་གྱི་ཧྲེ་ཧྲི་ཏུའུ30ལ་ཐོན་པའི་སྐབས་ཡོད་པས་ལས་ཀ་པ་དང་དོ་དམ་པ་གང་ཡིན་གྱིས་ལས་མི་ཐུབ་པ་ཞིག་རེད། 
          ཀོང་པོ་བར་ལའི་ཕུགས་ལམ་ལས་གཞི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཟོ་འགོད་མཁན་པོ་ཝང་ལང་ལགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་གསུང་རྒྱུར། ཕུགས་ལམ་ལས་པའི་ཁྲོད་ནས་ལས་བཟོ་པར་རྒྱུན་ཆད་མེད་པར་འཕྲད་པའི་དཀའ་སྡུག་གསར་བ་དམིགས་ནས་ལས་གཞི་ལག་བསྟར་གྱི་བྱེད་ཐབས་གསར་པ་ཇུས་འགོད་བྱེད་དགོས་པ་ཞིག་རེད། དབུགས་བཟོ་འཕྲུལ་ཆས15དང་དབུགས་འཇིབ་ཁང1། ཐབ་ཀ15བཅས་བཀོད་སྒྲིག་བྱས་ཏེ་ལས་བཟོ་པའི་དབུགས་འདོན་དྲོད་འདོན་གྱི་གནད་དོན་ཐག་གིས་བཅད་པ་ཡིན། མིག་སྔར་དཀའ་སྡུག་གཙོ་བོ་ཚང་མ་ཁྱད་དུ་བསལ་ནས་བཟོ་འགོད་ཧྲིལ་བོ70%ལས་འགྲུབ་བྱུང་ཡོད་ཟེར།  
          ཝང་ལང་ལགས་ཀྱིས། ཕུགས་ལམ་ལས་ནས་གྲུབ་རྗེས། ལྷ་ས་གྲོང་ཁྱེར་ནས་ཉིང་ཁྲི་གྲོང་ཁྱེར་བར་དུ་བསྐྱོད་པའི་དུས་ཡུན་ཕྱེད་ཀ་ཇེ་ཐུང་དུ་འགྲོ་ངེས་ཡིན། གྲོང་ཁྱེར་གཉིས་དང་ལམ་འགྲམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན། “ལྷ་ས་ནས་ཉིང་ཁྲི་ལ་རྒྱལ་ལམ318པའི་སྟེང་ནས་བསྐྱོད་ན་ཉུང་མཐར་ཡང་དུས་ཚོད8དགོས་ལ། བསྐྱར་ལས་བཟོ་འགོད་ཚང་མ་གྲུབ་རྗེས། དུས་ཚོད3ནས4ཡི་ནང་དུ་ལྷ་ས་ནས་ཉིང་ཁྲི་ལ་ཐོན་ཐུབ་པར་མ་ཟད། ལམ་ཡང་སྔོན་ལས་བཟང་ཞིང་བདེ་འཇགས་ཡིན ”ཞེས་གསུངས།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716