འདི་ལོ་ཤར་ཚུན་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཞིང་ལས་སྤྱི་ཁྱབ་དངུལ་ཁང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དབར་མིང་རྟགས་བཀོད་པའི་རེས་འཁོར་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་འགག་རྩར་བརྩིས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོར་དམ་པོར་གཞི་འཛིན་ནས་ཆ་ཚང་བའི་སྒོ་ནས་དངུལ་རྩའི་འཐབ་ཕྱོགས་ཀྱི“གཙོ་ཤུགས་དམག” གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཡིད་རྟོན་དངུལ་བུན་གཏོང་བའི་ནུས་པ་ཤུགས་ཆེར་བཏང་བ་དང་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཤུགས་ཆེ་བྱས་ཡོད་པ་རེད། མིག་སྔར་འདི་ལོའི་ཟླ་བ༩པའི་ཚེས༣༠བར། དངུལ་ཁང་དེ་ཡོངས་ཀྱི་རིགས་ཁག་གི་དངུལ་བུན་ཁྱོན་སྒོར་དུང་ཕྱུར༣༠༠ཡི་འགག་སྒོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར༣༠༧.༠༢ཟིན་ཡོད་པ་རེད།
གཙོ་གནད་རྣམ་གྲངས་འཛུགས་སྐྱོང་ལ་རོགས་སྐྱོར་ཤུགས་ཆེ་བྱས་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི” འཆར་འགོད་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་བྱེད་ཚུལ་ལ་འབྲེལ་བ་དམ་ཟབ་ཀྱིས་དངུལ་རྩའི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་གྱི་རྩ་བའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་འདི་ལོ་ཤར་ཚུན 《༢༠༡༣—༢༠༡༧ལོ་བར་གྱི་སྤྱི་པའི་ཚོང་གཉེར་དམིགས་ཚད་ཀྱི་ཚོང་འགྲུལ་ཁྱུ་ཚོགས་འཛུགས་སྐྱོང་གི་འབྲེལ་ཡོད་ལག་བསྟར་བསམ་འཆར》 ཞེས་པ་དང་《༢༠༡༣ལོའི་གཙོ་གནད་ཚོང་འགྲུལ་མཉམ་འགུལ་ཚོང་གཉེར་ལག་བསྟར་བྱ་ཐབས》 ཞེས་པ་སོགས་ཀྱི་ལམ་ལུགས་བྱ་ཐབས་བཏོན་པ་དང་ཟླ་བ་གཞིར་བཟུང་ཁྲོམ་རའི་ཚོང་གཉེར་ལས་དོན་གྱི་ཚོགས་འདུ་ཚོགས་ནས་དངུལ་ཁང་གི་ནུས་ལྡན་གྱི་དངུལ་རྩའི་ཞབས་ཞུ་དང་ཡིད་རྟོན་དངུལ་བུན་ཚོང་གཉེར་གྱི་ཐབས་ཇུས་གྲོས་བསྡུར་གཏན་འབེབས་བྱས་ཡོད་པ་རེད། ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་དང་དབང་བཅོལ་དང་ཡིད་རྟོན་སྤྲོད་པ། ལས་སྒོའི་གོ་རིམ་སོགས་ཐད་སྲིད་ཇུས་དང་བྱ་ཐབས་ཆ་ཚང་གཏན་འབེབས་བྱས་ནས་རང་ལྗོངས་ཀྱི་ཆུ་གློག་དང་འཕྲིན་གཏོང་། ནུས་པའི་འབྱུང་ཁུངས། འཛུགས་བསྐྲུན་སྒྲིག་སྦྱོར་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཤུགས་ཆེར་བཏང་ཡོད་པ་རེད། འདི་ལོའི་ཟླ་བ་དགུ་པར་ཁྱོན་བསྡོམས་རྣམ་གྲངས་ཆེ་རིགས་དང་ཁེ་ལས་ཆེ་རིགས་ལ་དངུལ་བུན་སྒོར་དུང་ཕྱུར༩༠.༡༤གཏོང་སྤྲོད་བྱས་པ་དང་དངུལ་བུན་སྒོར་དུང་ཕྱུར༡༣༥.༩༤གཏོང་སྤྲོད་བྱས་ཡོད་པ་རེད། ནུས་ལྡན་ངང་ལྷ་གཞིས་ལྕགས་ལམ་དང་ལྷ་སའི་བར་སྐོར་ཚོང་གྲོང་། སློབ་གསོའི་གྲོང་སོགས་གསར་དུ་ལས་འགོ་བརྩམས་པ་དང་མུ་མཐུད་འཛུགས་བསྐྲུན་བྱེད་བཞིན་པའི་ལས་གྲྭའི་རྣམ་གྲངས་ལ་རོགས་སྐྱོར་བྱས་ཡོད་པ་རེད།