སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གདོད་མའི་གྲོང་ཚོ་རུ་དེང་རབས་གྲོང་གསར་དར་བ།
སྤེལ་དུས། 2014-10-13   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ཟོན་ཐར་སྐྱིད།

ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་བྲག་ཡིབ་གྲོང་རྡལ་དུ་བསྐྱོད་ཚེ་སྤྱི་གླིང་ཆེན་པོ་ཞིག་ཏུ་སླེབས་པ་དང་མཚུངས་ཤིང་། ཡུལ་དེའི་རི་བོ་མཐོ་ཞིང་ཆུ་བོ་གཙང་ལ་དེང་རབས་ཅན་གྱི་ཁང་བརྩེགས་དག་ནི་ཀྲོང་ངེར་འགྱིང་བ་དང་། བགྲོད་ལམ་གཙང་ཞིང་ཡངས་པ་དག་ཕྱོགས་བཞིར་བརྐྱངས་ཡོད།   

བྲག་ཡིབ་གྲོང་རྡལ་ནི་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ཡིན་ལ་ཁྲོན་བོད་གཞུང་ལམ་ནས་ལྷ་སར་སྐྱོད་པའི་ལམ་བུ་ཁོ་ན་རེད།  དེ་ནས་ཤར་དུ་ཁྲེང་ཏུའུ་དང་བྱང་དུ་ལྷ་སར་བསྐྱོད་ཐུབ་པ་དང་ཐུན་མོང་མ་ཡིན་པའི་ས་བབ་ལེགས་ཆ་ལས་བྲག་ཡིབ་གྲོང་རྡལ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་ཡོད། དེང་རབས་ཅན་གྱི་གསར་དར་གྲོང་རྡལ་གྱི་སྔོན་ཆད་དང་ཁྲོན་བོད་གཞུང་ལམ་གྱིས་ཡུལ་དེ་གའི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་རྩད་ཞིབ་བྱ་ཆེད་ཉིང་ཁྲི་ས་ཁུལ་གྱི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་བཅར་འདྲི་ཚོགས་ཆུང་གིས་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་པ་ཀའོ་ཝེ་ཏུང་ལ་འཚམས་འདྲི་ཞུས་ཤིང་། དགུང་ལོ་བགྲེས་པའི་ཁོང་གིས་ལོ་འཁོར་མོ་ཡུག་ཏུ་ཉིང་ཁྲི་ས་ཁུལ་གྱི་གཞི་རིམ་དུ་ལས་ཀ་དང་འཚོ་བ་བསྐྱལ་བས་བྲག་ཡིབ་གྲོང་རྡལ་གྱི་འགྱུར་ལྡོག་ཐད་ཧ་ཅང་རྒྱུས་མངའ་ཟབ།

བགྲེས་པོས་དུས་རབས་ཕྱེད་ཙམ་གོང་གི་བྲག་ཡིབ་གྲོང་རྡལ་ལ་ཕྱིར་དྲན་བྱེད་བཞིན་སྔོན་ཆད་འདི་རུ་ན་འདམ་ཞིག་ཡིན་ལ་གྲོང་ཚོ་ཆུང་ངུ་ཞིག་ལས་མེད། གྲོང་མི་ཕལ་ཆེ་བ་རི་མགོར་བསྡད་ཡོད་པ་མ་ཟད་ཁང་པ་ཚང་མ་ནི་ཤིང་ཁང་ཐབས་ཆག་ཙམ་ཡིན། ཨར་འདམ་ལམ་བུ་གཅིག་ཀྱང་མེད་ལ་ཐོག་རྩེག་ཁང་པ་གཅིག་ཀྱང་མཐོང་དུ་མེད་ཅེས་བརྗོད།  

ཀའོ་ཝེ་ཏུང༡༩༦༢ལོར་ལས་ཀར་ཞུགས་པ་ནས་བཟུང་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་སུ་ལས་ཀ་བསྒྲུབས་མྱོང་། ཁོང་གིས་ཉིང་ཁྲི་ས་ཁུལ་ནི་ཐེངས་ཁ་ཤས་ལ་བཙུགས་པ་དང་རྩིས་མེད་བཟོས་མྱོང་བ་དང་མཐར༡༩༨༦ལོའི་ཟླ༢པར་བསྐྱར་དུ་བཙུགས་ཤིང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་བསྐྱར་དུ་བཙུགས་པའི་ལོ་གཉིས་པར་ཁོང་བྲག་ཡིབ་གྲོང་རྡལ་དུ་ལས་སྒྱུར་བྱས་རྗེས་དེ་གར་ལས་ཀ་བསྒྲུབས་པ་དང་འཚོ་བ་བསྐྱལ་བ་རེད། སྐབས་དེར་བྲག་ཡིབ་གྲོང་རྡལ་ནི་ཉིང་ཁྲི་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་གནས་ཡུལ་ཡིན་ནའང་འཚོ་བའི་ཆ་རྐྱེན་ནི་ཁོང་གིས་ལས་ཀ་བསྒྲུབས་མྱོང་སའི་ཀོང་པོ་རྒྱ་མདའ་རྫོང་ལ་མི་དོ་བ་རེད། དེ་དུས་བྲག་ཡིབ་གྲོང་རྡལ་དུ་དཔུང་སྡེ་དང་སྨན་ཁང་། ལས་ཁུངས་ཁག་གཅིག་བཅས་ཀྱི་ཁང་པ་ཁྲོན་བོད་གཞུང་ལམ་རྒྱུད་དུ་ཡོད་པ་མ་གཏོགས་ཧ་ལམ་བཟོ་བཀོད་གཞན་མཐོང་རྒྱུ་མེད། ཡུལ་དེ་གའི་གྲོང་མིས་སོ་ནམ་ཕྱུགས་སྐྱོང་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། ཀའོ་ཝེ་ཅུན་གྱིས་བརྗོད་པ་དང་མཚུངས་པར་ཉིང་ཁྲི་ས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་གསར་འགོད་པར་མཁོ་སྤྲོད་བྱས་པའི་དཔྱད་ཡིག་ཅིག་ཏུའང་བྲག་ཡིབ་གྲོང་རྡལ་གྱི་སྔོན་ཆད་ཀྱི་རྗེས་ལུས་སྣང་ཚུལ་བཀོད་འདུག

དཔྱད་ཡིག་ཏུ་མངོན་པ་ལྟར་ན། ཁྲོན་བོད་གཞུང་ལམ་ཤར་གཏོང་མ་བྱས་གོང་བྲག་ཡིབ་གྲོང་རྡལ་ནི་རྡོ་ཡིས་ཁེངས་པའི་གྲམ་ཐང་ཞིག་ཡིན་ལ་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་རྗེས་དེ་གར་བཅའ་སྡོད་བྱས་པར་བརྟེན་བྲག་ཡིབ་གྲོང་གསར་ཞེས་ཐོགས་པ་རེད།  ༡༩༨༦ལོར་ཉིང་ཁྲི་ས་ཁུལ་བསྐྱར་དུ་བཙུགས་པའི་དུས་འགོར་ཡང་བྲག་ཡིབ་གྲོང་རྡལ་སྔར་བཞིན་ཤིང་ལེབ་ཀྱི་ཁང་བསྟར་ཁ་ཤས་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཕྱེད་ཙམ་ཟིན་པའི་དུད་ཁྱིམ་བཅུ་ཙམ་ལས་མེད། གྲོང་རྡལ་དུ་བཅར་འདྲི་བྱེད་རིང་ང་ཚོས་ཉིང་ཁྲི་ས་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ལིའུ་ཤང་ཏུང་གི་ས་ནས་བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་བྱས་ཚུལ་ཐད་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན།

ལིའུ་ཤང་ཏུང་གིས་ཉིང་ཁྲི་ས་ཁུལ་བསྐྱར་དུ་བཙུགས་པ་ནས་བཟུང་ཀྲུང་དབྱང་དང་དེ་བཞིན་ཀུང་ཏུང་དང་ཧྥུའུ་ཅན་ཞིང་ཆེན་གཉིས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག་རྒྱལ་ལམ༣༡༨ཀྱི་ས་བབ་ལེགས་ཆར་བརྟེན་ནས་ཉིང་ཁྲི་ས་ཁུལ་གྱིས་གྲོང་རྡལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་བ་དང་། བྲག་ཡིབ་གྲོང་རྡལ་གྱིས་བརྒྱད་གཅིག་ཟམ་པ་གཉིས་པ་དང་། བརྒྱད་གཅིག་ཁྲོམ་གཞུང་། ཞ་མོན་ཐང་ཆེན། འགྲེམ་སྟོན་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་གཙོ་བོ་ཁག་གཅིག་སྔ་རྗེས་སུ་བསྐྲུན་ཏེ་བྲག་ཡིབ་གྲོང་རྡལ་བསྐྲུན་ཡུལ་སྤྱི་ལེ་ངོས་གྲུ༡༡ཟིན་པ་རེད་ཅེས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། བྲག་ཡིབ་གྲོང་རྡལ་གྱི་གྲོང་ཁྱེར་མངོན་ཡོད་དང་མངོན་མེད་ཀྱི་སྒྲིག་བཀོད་ལེགས་སུ་སོང་བ་དང་། གྲོང་ཁུལ་གྱི་གཞི་ཁྱོན་ཆེར་གཏོང་། མ་འཇོག་ཁོར་ཡུག་བཟང་འགྱུར་བཅས་བྱུང་བ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་གཞན་འགྱུར་ནུས་ལྡན་བྱུང་བ་དང་དུས་མཚུངས་ཁྲོན་བོད་གཞུང་ལམ་གྱི་འགྲིམ་འགྲུལ་ལེགས་ཆར་བརྟེན་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་ཐད་གོང་འཕེལ་མགྱོགས་པོ་བྱུང་སྟེ་ཆེས་བྲིན་བོད་སྨན་བཟོ་གྲྭ་དང་། ནུའོ་ཏི་ཁང་སྨན་ལས་ཚད་ཡོད་ཀུང་སི། གཡུ་ཐོག་བོད་སྨན་ཚད་ཡོད་ཀུང་སི་སོགས་ལྗོངས་ཕྱི་ནང་གི་ཁེ་ལས་གྲགས་ཅན་ཁག་གཅིག་གི་ཡིད་དབང་བཀུག་ནས་ཁོ་ཚོས་དེ་གར་མ་འཇོག་བྱས་ནས་ལས་གཉེར་བྱས་པ་རེད།

 བྲག་ཡིབ་གྲོང་རྡལ་གྱི་སྔོན་ཆད་འདམ་རྫབ་ཀྱིས་ཁེངས་པའི་ས་ལམ་མཐོང་རྒྱུ་མེད་པར་དེའི་ཚབ་ཏུ་རྒྱ་ཆེ་ལ་གྲལ་དག་པའི་ཨར་འདམ་ལམ་བུར་གྱུར་པ་དང་། དེའི་ལེ་ལག་ཚང་བའི་གྲོང་ཁྱེར་གྱི་ཆུ་འབུད་དང་། གློག་སྒྲོན། འཕྲིན་གཏོང་། ལྗང་སྒྱུར་སོགས་ཀྱི་སྒྲིག་བཀོད་ཀྱང་ཉིན་བཞིན་འཐུས་ཚང་དུ་སོང་ཡོད། ཚོང་ཁང་དང་མགྲོན་ཁང་མང་བ་དང་ཚོང་རྫས་སྣ་ཚོགས་ཀྱིས་ཁེངས་པས་དར་རྒྱས་ཉམས་བཟང་གི་སྣང་ཚུལ་ཞིག་མངོན་པ་རེད།

ཁ་བྱང་ཕྱི་མོ། གདོད་མའི་གྲོང་ཚོ་རུ་དེང་རབས་གྲོང་གསར་དར་བ།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060