གསར་འགོད་པས་ཉིན་ཤས་གོང་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་གྲ་སྒྲིག་ལས་དོན་སྤེལ་འགོ་བཙུགས་ཚུན། མངའ་རིས་ས་ཁུལ་གྱིས་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་གྱིས་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་གང་ཡོད་ཀྱིས་ཟླ་9ཚེས་1ཉིན་གྱི་གོང་དུ་བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པའི་གྲ་སྒྲིག་ལས་དོན་ཁག་ཁྱོན་ཡོངས་ནས་ལེགས་གྲུབ་བྱ་རྒྱུའི་འགན་ལེན་བྱེད་བཞིན་ཡོད། མིག་སྔར་ཐོན་ཟོག་6500འགྲེམས་སྟོན་ནང་ཞུགས་རྒྱུ་དང་རྣམ་གྲངས་13ལ་གན་རྒྱ་འཇོག་རྒྱུར་མ་དངུལ་བསྡོམས་སྒོར་དུང་ཕྱུར་14.846ཟིན་བཟོ་ཡོད་པ་རེད།
མིག་སྔར་མངའ་རིས་འགྲེམས་སྟོན་ཚོམས་ཆེན་སྐྲུན་པའི་སྔོན་རྩིས་འགྲོ་གྲོན་ལ་ཞིབ་བཤེར་ཆོག་མཆན་ཐོབ་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ནང་ཞུགས་མཁན་འཁྲབ་སྟོན་པ་84ཡིས་དུས་ཚོད་དམ་འཛིན་གྱིས་ནང་སྦྱོང་བྱེད་བཞིན་ཡོད། མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱིས་འགྲེམས་ཞུགས་ཚོང་ཟོག་གི་སྣེ་ཁ་དང་གྲངས་འབོར་ལ་བསྐྱར་ཞིབ་བྱེད་པའི་ལས་དོན་མཇུག་འགྲིལ་བ་དང་། འགྲེམས་སྟོན་དངོས་ཟོག་གྲས་སུ་རིག་གནས་ཐོན་རྫས་དང་། སྔོ་ཆས། གཏེར་ཆུ། མཐའ་མཚམས་ཚོང་ཟོག མི་རིགས་རྒྱན་གོས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། སྤོས། ཁུ་ལུའི་ཐོན་རྫས་སོགས་རིགས་16དང་སྣེ་ཁ་6500ལྷག་ཙམ་ཡོད་པ་རེད།
མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཝུན་ཀྲུང་གིས་ངོ་སྤྲོད་བྱས་དོན། མངའ་རིས་ས་ཁུལ་གྱིས་རྫོང་ཁག་དང་། ཚན་པ་ཁག་དང་ཁེ་ལས་ཁག་ལ་ཟླ་གཅིག་ཙམ་གྲ་སྒྲིག་འཐུས་ཚང་བྱས་པའི་འགྲེམས་སྟོན་ཚོང་ཟོག་ཟླ་8ཚེས་25ཉིན་གོང་ལྷ་སར་དབོར་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས། མངའ་རིས་ས་ཁུལ་གྱིས་ད་དུང་འགྲེམས་ཞུགས་མི་སྣ་ཚང་མར་དུས་ཡུན་གཟའ་འཁོར་གཅིག་གི་གསོ་སྦྱོང་བྱ་རྒྱུ་རེད། ཚོང་འགུགས་མ་འདྲེན་ཐད་མིག་སྔར་མངའ་རིས་ས་ཁུལ་གྱིས་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་4ལ་གན་རྒྱ་འཇོག་རྒྱུའི་གཏན་འཁེལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་11.05ཟིན་རེ་ཡོད་པ་དང་། ས་ཁུལ་རིམ་པའི་རྣམ་གྲངས་9ལ་གན་རྒྱ་འཇོག་རྒྱུའི་གཏན་འཁེལ་བྱས་པར་མ་དངུལ་སྒོར་དུང་ཕྱུར་3.786ཟིན་རེ་ཡོད་པ་རེད།