སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ།
སྤེལ་དུས། 2017-01-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
རྣམ་གྲངས་53ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་5.6བཏང་ཟིན་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་31.62བཏང་བ།
          2016ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་གངས་ལྗོངས་ས་མཐོའི་ས་གནས་ཕལ་ཆེ་བར་གནམ་གཤིས་གྲང་དུ་སོང་ཡང་། གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་མི་རྣམས་སྔར་བཞིན་ལས་ཡུལ་དུ་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་མཆིས། རི་བོ་ཧི་མ་ལ་ཡའི་བར་རྒྱུད་དུ་གནས་པའི་མཐའ་མཚམས་གྲོང་རྡལ་དེ་ས་བབ་དམའ་བ་དང་། གནམ་གཤིས་ལེགས་པ། ནགས་ཚལ་སྟུག་པ། ཡུལ་ལྗོངས་མཛེས་པ་བཅས་ཡོད་པས“བོད་ཀྱི་ཡིད་འོང་གནས་མཐའ་མ”ཞེས་པའི་མིང་ཐོབ་ཡོད་ལ། བོད་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་20ཡི་དཔེ་སྟོན་ས་ཚིགས་དང་པོའི་གྲས་ཤིག་ཀྱང་ཡིན།
          2016ལོ་ནི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིགས་བསྐྲུན་རྒྱུའི་ལས་དོན་སྤེལ་བའི་ལོ་གཉིས་པ་དེ་ཡིན་ཞིང་། བོད་ལྗོངས་ཀྱིས“ལོ་དང་པོར་འགྱུར་ལྡོག་ཡོད་པ་དང་། ལོ་གཉིས་པར་འགྱུར་ལྡོག་ཆེན་པོ་ཡོད་པ། ལོ་གསུམ་པར་རྩ་བའི་ཆ་ནས་བསྐྲུན་ཟིན་པ”བཅས་ཀྱི་སྤྱིའི་དམིགས་ཚད་གཞིར་བཟུང་། སྐུལ་འདེད་གཏོང་བའི་ཚོགས་འདུ་ཧུར་ཐག་འཚོགས་པའི་ཁར་འབྲེལ་ཡོད་གནས་ཚུལ་ཐད་ལྟ་སྐུལ་ཞིབ་བཤེར་ཐེངས་མང་བྱས་ཏེ་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དང་། ལས་གྲྭའི་འོས་སྐུལ་འོས་དཔོད། རྣམ་གྲངས་ལས་འགོ་འཛུགས་པ། མ་དངུལ་དོན་འཁྱོལ། ཚོང་འགུགས་མ་འདྲེན། ཆེད་མི་བཀོད་སྒྲིག སྒྲིག་ཁྲིམས་ལམ་ལུགས་བཟོ་བ་སོགས་ཐད་གཞོལ་ཡོད། 2016ལོར་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིགས་53ལས་འགོ་ཚུགས་པ་དང་མ་དངུལ་སྒོར་དུང་ཕྱུར་5.6བཏང་ཡོད། ལྗོངས་ཡོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་དཔེ་སྟོན་ས་ཚིགས་བསྐྲུན་འགོ་ཚུགས་ཚུན། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་31.62བཏང་བའི་ནང་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་སྒོར་དུང་ཕྱུར་22.23བཏང་ཡོད་པ་རེད།
          སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་མང་དག་ཅིག་ཐོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱིས་ས་གནས་དེ་རང་དང་ཉེ་འགྲམ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པ་མཚོན་གྱི་ཡོད་པས་དེ་ནི་མ་གནས་ཆུང་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ཞིག་ཡིན་པས་མི་འབོར་དང་། ཐོན་ཁུངས། སྣོད་བཅུད་བཅས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བཤད། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་བསྐྲུན་སྐབས། བོད་ལྗོངས་ཀྱིས་རི་ཆུ་ཀླུང་སོགས་ཁྱད་ལྡན་ཡུལ་ལྗོངས་ལ་གཞིགས་ནས། ལྗང་མདོག་སྣོད་བཅུད་མངོན་པ་བྱས་ཏེ་གྲོང་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་མཐོང་ཐུབ་པ་བྱས་པ་དང་། བསྐྲུན་པའི་བརྒྱུད་རིམ་ནང་ཤིང་གཅོད་རྒྱུ་སྔོན་འགོག་དང་། རི་སྔོག་རྒྱུ་འགོག་པ། མཚེའུ་ལ་སྲུང་སྐྱོབ། སྡོད་ཁང་ཉུང་ཙམ་བཤིག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འདུ་ཤེས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་བསྐྲུན་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད།
          རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་སྒྲོལ་དཀར་གྱིས་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིགས་བསྐྲུན་རྒྱུ་དེ་ནི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་བྱས་པའི་རྣམ་གསར་གྱི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་པའི་འཐབ་ཇུས་ལག་བསྟར་ཞིབ་ཕྲ་བྱས་པ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བའི་ལག་པ་འཇུ་ས་ཞིག ཞིང་འབྲོག་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག བོད་ཀྱི་སྤྱི་ཚོགས་དང་ཤེས་དཔལ་ཡར་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་བཅས་རེད་ཅེས་བཤད།
          ལོ་30ལྷག་ཙམ་ལ་སླེབས་པའི་པ་སངས་ནི་སྐྱིད་གྲོང་གྲོང་རྡལ་ཁྲུང་སྟོད་གྲོང་ཚོའི་གྲོང་མི་ཡིན་ཞིང་། རྟ་དམག་བ་ཞིག་ཡིན་པའི་ཁོང་ལ་དེ་སྔོན་རྒྱལ་ཁོངས་མེད་པར་ཀྲུང་ནེའི་མཐའ་མཚམས་ས་ཁུལ་གྱི་རི་གྲོང་དུ་སྡོད་ཀྱི་ཡོད། 2003ལོར་པ་སངས་དང་དེ་མིན་གྱི་རིགས་རྒྱུད་རྣམས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་འགྱུར་བ་དང་ཁོང་ཚོ་ནི་ལོ་ཆུང་ཤོས་ཀྱི་ཀྲུང་གོའི་སྤྱི་དམངས་ཡིན་པ་དང་སྐྱིད་གྲོང་རྫོང་སྲིད་གཞུང་གིས་ཁྲུང་སྟོད་གྲོང་ཚོར་བརྒྱབ་པའི་མདའ་མོ་གྲོང་གསར་ལ་སྤོས་ཡོད།
          པ་སངས་ཀྱིས་ཕ་མེས་ཚོ་ནགས་ཚལ་ཁྲོད་ལྕགས་བཟོར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་རང་ཉིད་ཕྱིར་ལས་ཀར་བསྐྱོད་དེ་ལུང་པ་འདྲ་མིན་སྣ་ཚོགས་ཀྱི་མི་དང་འབྲེལ་བ་བྱེད་རྒྱུར་དགའ་པོ་ཡོད་ཅེས་བཤད་ཅིང་། ཁོང་གིས་ད་དུང་སྐྱིད་གྲོང་གྲོང་རྡལ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང་སྦྲགས། ལས་ཞུགས་ཀྱི་གོ་སྐབས་མང་བ་དང་ཨར་ལས་ཀྱི་ལས་གྲྭ་མང་བས་ལས་ཀ་མི་རག་པའི་སེམས་ཁྲལ་མི་འདུག་ལ། དངུལ་ཡང་མང་པོ་བསགས་ཐུབ་ཀྱི་འདུག་ཅེས་བཤད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716