སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བདེ་སྐྱིད་ལྡན་པའི་ཡར་ཀླུང་ས་གཞི་ཆེ་མོ།
སྤེལ་དུས། 2017-01-22   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
ལྷོ་ཁ་གྲོང་ཁྱེར་གྱིས་2016ལོར“དམངས་སེམས་འདུ་འགོད་ཆེན་པོ་བཅུར”བརྟེན་ནས་དམངས་འཚོ་ལེགས་སུ་བཏང་བའི་སྐོར་གྱི་དངོས་བྲིས།
          2016ལོའི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོར་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“ཡིག་ཨང་དང་པོའི”དགོངས་དོན་གཞིར་བཟུང་ལག་ལེན་བསྟར་བའི“དམངས་སེམས་འདུ་འགོད་ཆེན་པོ་བཅུར”རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཐེངས་གསུམ་པའི་བརྡ་ཁྱབ་བསྔགས་བརྗོད་ཐོབ་པ་དང་དེ་ནི་རྒྱལ་ཡོངས་ས་གནས་ཀྱི་དཔེ་སྟོན་ཉམས་མྱོང་བྱེད་ཐབས་32ཀྱི་གྲས་ཤིག་ཡིན་ལ་རང་ལྗོངས་ཀྱི་བརྡ་ཁྱབ་བསྔགས་བརྗོད་ཐོབ་པའི་གྲོང་ཁྱེར་དང(ས་ཁུལ)འབའ་ཞིག་དེའང་ཡིན།
          ད་ཆ་ཡར་ཀླུང་བུ་ཕྲུག་ཁྲི་36གི་ཕུགས་འདུན་གནས་པའི“དམངས་སེམས་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་བས་ཡར་ཀླུང་གི་ས་གཞི་ཆེ་མོར་བདེ་སྐྱིད་ཀྱི་རྣམ་པས་ཁེངས།
          དམངས་ལ་བརྩེ་སེམས་བཅངས། དམངས་ལ་ཕན་པ་བསྐྲུན།
          ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཀྱི་དམངས་འཚོར་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་ནས་ད་བར་དམངས་འཚོ་དང་དམངས་སེམས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དམངས་འཚོའི་ལས་དོན་དེ་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེན་ལ་བརྩིས་ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷོ་ཁས་མ་དངུལ་སྒོར་དུང་ཕྱུར་66.47བསྡུ་སྒྲིལ་བྱས་ཏེ“དམངས་སེམས་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་བ་དང“མིག་སྔར་དང་ལེན་བྱེད་ཐུབ་པ་དང་སླད་ཕྱིན་རྒྱུན་མཐུད་ཐུབ་པའི”རྩ་དོན་གཞིར་བཟུང་ལས་ཀའི་མུ་མཐུད་རང་བཞིན་མངོན་གསལ་དུ་ཐོན་པ་བྱས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་པ། གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་ནོར་ཤུགས་70%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་བཅས་བྱས་ནས་མ་དངུལ་སྒོར་དུང་ཕྱུར་37བསྡུ་སྒྲིལ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པར”སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་བ་དང་། འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་། སྤྱི་ཚོགས་འགན་ལེན་གྱི་ཚད་གཞི་མཐོར་གཏོང་། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་རམ་བྱེད་པ། རྒན་གསོ་བདེ་སྐྱིད་ལྡན་པ། འབབ་འཕར་དམངས་ཕྱུག་ཡོང་བ་བྱེད་པ། བདེ་སྡོད་འགན་ལེན་བྱེད་པ། ས་ཤོར་འགན་ལེན་བྱེད་པ། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་བསྐྲུན་པ། དུས་བདེའི་ལྷོ་ཁ་བསྐྲུན་པ་བཅས་ཀྱི“དམངས་སེམས་འདུ་འགོད་ཆེན་པོ་བཅུ”ལག་བསྟར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
          གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2016ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་7.1དོན་འཁྱོལ་ཟིན་ནས“དམངས་འཚོ་ལྡན་པའི་ལྷོ་ཁ”དང“དམངས་འཚོ་ཆེན་པོའི”རྣམ་པ་ནུས་ཤུགས་ཡོད་རྒུས་རགས་ཙམ་བསྐྲུན་ཟིན་ཡོད། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་སྒྲུབ་པ་ནི་ལྷོ་ཁའི་གོང་འོག་གི་ངོས་འཛིན་གཅིག་མཐུན་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མགོན་པོ་ནི་1985ལོར་བོད་དུ“འགན་གཙང་གསུམ”ལག་བསྟར་བྱས་ནས་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། མགོན་པོས་མིག་སྔར་ལྷོ་ཁར་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་རྣམ་པ་ཆགས་པ་དེ་ནི་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི”ཐབས་ཇུས་གལ་ཆེན་ལག་བསྟར་བྱས་པའི་གྲུབ་འབྲས་ཤིག་ཡིན་ཞེས་བཤད་བྱུང་།
ལྷོ་ཁ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་མཚམས་གཅོད་ཀྱིས་གསར་འགོད་པར་2016ལོ་ནས་བཟུང་། ལྷོ་ཁའི་གྲོང་ཁྱེར་དང་རྫོང་རིམ་གཉིས་ནོར་སྲིད་ཀྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་བསྡུར་གྲངས་དེ་20%ནས་25%བར་མཐོ་རུ་བཏང་བ་དང་བོད་སྐྱོར་མ་དངུལ་གཏོང་ཤུགས་བསྡུར་གྲངས་དེ་30%ཟིན་ཡོད། དེ་དང་དུས་མཚུངས་མ་དངུལ་སྒོར་དུང་ཕྱུར་9.42བསྡུ་སྒྲིལ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་འདུ་འགོད་འགོ་ཚུགས་ཏེ་རྩེད་ཐང་ཆ་ཚང་སློབ་འབྲིང་བཙུགས་ནས་ས་བབ་སྨི་4200ཡན་གྱི་རྫོང་དང་ཆུས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་བསྡུས་པ་དང་སློབ་ཁྲིད་ཆ་རྐྱེན་ལེགས་སུ་བཏང་ཡོད། 
          སྣེ་གདོང་ཆུས་སྔགས་པ་གྲོང་ཚོའི་གྲོང་མི་ཚེ་རིང་བྱམས་པར་ཕོ་སྐྲན་ཕོག་ནས་སྨན་ཡོན་སྒོར་ཁྲི་10ལྷག་ཙམ་ཟིན་པ་དེ་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས། ཁོང་གིས་སླར་ཡང་ནད་ཆེན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་3.8རེ་ཞུ་བྱས་མཐར་མི་སྒེར་གྱིས་སྨན་ཡོན་སྒོར་100ཡང་སྤྲོད་དགོས་བྱུང་མེད། འདི་ནི་ལྷོ་ཁས“འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང”འདུ་འགོད་ལག་བསྟར་བྱས་པའི་རགས་བསྡུས་ཤིག་ཡིན།
སྤྱི་ཚོགས་འགན་ལེན་འཐུས་སྒོ་ཚང་དུ་བཏང་ནས་དམངས་འཚོའི་བདེ་རྩ་དོན་གཉེར་བྱས་པ།
          དམངས་ཀྱི་འདོད་ཚུལ་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་ལ་དོ་ཁུར་བྱེད་པ། དམངས་ཀྱི་དཀའ་ངལ་སེལ་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་ལེན་གྱི་དམངས་ཕན་སྲིད་ཇུས་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ་དམངས་འཚོའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་རྒྱུ་དང་མི་སེར་གྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་རྒྱུ་ནི་ལྷོ་ཁའི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོའི་དམངས་འཚོའི་དྲོ་སྐྱིད་སྐོར་ཡིན།
          ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཧྲུའུ་ཅི་ཀྲོའུ་ཀྲེ་ཏེ་ཡིས“བདེ་སྐྱིད་ལྡན་པའི་རྒན་གསོའི”འདུ་འགོད་ལག་ལེན་བསྟར་ཏེ་རྒས་དུས་སྨན་བཅོས་ཐུབ་པ་དང་། རྒས་དུས་འཚོ་བརྟེན་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད་ལྷོ་ཁའི་རྒན་གསོའི་ཁ་གསབ་བྱ་ཐབས་ལེགས་སུ་བཏང་ནས་ལོ་60ཡན་གྱི་རྒན་རྒོན་ལ་རང་སྐྱོང་ལྗོངས་ཀྱི་ཚད་གཞིའི་ཐོག་སྒོར་30མཐོ་རུ་བཏང་བ་དང་། ལོ་70ལ་སླེབས་པའི་ཞིང་འབྲོག་ཁུལ་གྱི་རྒན་རྒོན་རྣམས་བདེ་ཐང་ཁ་གསབ་ཁྱབ་ཁོངས་ནང་བཅུག་ནས་མི་རེར་ལོ་རེར་སྒོར་500སྤྲད་པ། ལོ་80དང་། ལོ་90 ལོ་100བཅས་ཡན་གྱི་ཞིང་འབྲོག་ཁུལ་གྱི་རྒན་རྒོན་ལ་བདེ་ཐང་ཁ་གསབ་སྒོར་500དང་། སྒོར་1000 སྒོར་1200བཅས་སོ་སོ་མཐོ་རུ་བཏང་ནས་སྒོར་800དང་། སྒོར་1500 སྒོར་2000བཅས་ཟིན་ཡོད་ཅེས་བརྗོད།
          2016ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁང་གླ་ཁེ་བའི་སྡོད་ཁང་དང་སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དཔེ་སྟོན་ཁུལ་མགྱོགས་མྱུར་བསྐྲུན་ཡོད། གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་རྩེད་ཐང་གི་དྲོད་རླངས་མཁོ་འདོན་དང་། བཙོག་ཆུ་འབུད་པ། བཙོག་ཆུ་གཙང་བསིང་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་སྟེ་ཤང་གྲོང་གི་ལས་ཤག་3024བསྐྲུན་པ་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་1814བསྐྲུན་པ། ལས་ཤག་1819ཉམས་བཟོ་དང་སྒྱུར་བཀོད་བྱས་པ། སྡོད་ཁང་སྐྱོ་ཁུལ་གྱི་སྡོད་ཁང་2669སྒྱུར་བཀོད་ཀྱི་ལས་གྲྭ་མགྱོགས་མྱུར་སྐྲུན་བཞིན་ཡོད། མཐའ་མཚམས་རྫོང་4ཡི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་ཁུལ་95འཆར་འགོད་བྱས་པ་དང་། ས་བབ་སྨི་4000ཡན་གྱི་ཤང་གྲོང་37དུ་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་ལག་བསྟར་བྱ་རྩིས་ཡོད་པ་དང་འབྲེལ་ཚོད་ལྟ་བྱས་ཟིན། ཁྱད་ལྡན་གྲོང་རྡལ་ཆུང་ངུ་3དང་སྣོད་བཅུད་ཤང་གྲོང་13 སྣོད་བཅུད་གྲོང་ལྷན་65བཅས་བསྐྲུན་པའི་ལས་དོན་ཏན་ཏིག་ངང་སྤེལ་ཡོད་པ་རེད།
          ཞི་མཐུན་སྤྱི་ཚོགས་བསྐྲུན་ནས་ཡུན་རིང་བདེ་འཁོད་འགན་ལེན་བྱས་པ།
          དུས་བདེ་ནི་དམངས་ཀྱི་དགོས་མཁོ་དང་བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན། ཀྲང་ཡུང་ཙེས་དགའ་ཚོར་ཆེན་པོས“ལོ་མང་འབད་བརྩོན་བྱས་པ་བརྒྱུད། མི་རིགས་ཁག་གི་མང་ཚོགས་ལ་སྔར་བྱུང་མྱོང་མེད་པའི་ཕན་པ་ཐོབ་ནས་ཁོང་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད། འོན་ཀྱང་དེ་དག་གི་རྩ་བ་ནི་ཞི་མཐུན་ལྷོ་ཁའི་སྲུང་ཡོལ་ལ་ཐུག་ཡོད། ལོ་གཅིག་རིང་། ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི‘བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ’ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་པ་མ་ཟད། ‘དུས་བདེའི་ལྷོ་ཁ’འཛུགས་སྐྲུན་ལ་དམ་པོར་དམིགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་ཡོད”ཅེས་བརྗོད།
          ན་ནིང་ཚུན་དུ། ལྷོ་ཁས་འཕེལ་རྒྱས་ཁོར་ཡུག་ལེགས་སུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་ལས་དོན་ཚོགས་ཆུང་73གྱི་ལས་བྱེད་པ་443གྲོང་ཚོ(གྲོང་ལྷན)97དུ་བཅའ་སྡོད་དུ་བཏང་ནས་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་བཅོས་སྒྲིག་དང་ཐག་གཅོད་བྱས་ཡོད། གྲལ་བཤེར་དང་འདུམ་འགྲིག་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་ཚོགས་ཆུང་53གཞི་རིམ་དང་མང་ཚོགས་ཀྱི་འགྲམ་དུ་བཏང་ནས་རིགས་ཁག་གི་འགལ་ཟླ་དང་མངོན་མེད་རྐྱེན་ངན་967ཕྱོགས་ཡོངས་ནས་ཐག་གཅོད་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
          ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི“དུས་བདེའི་ལྷོ་ཁ”འཛུགས་སྐྲུན་དེ་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་རྟགས་ལྟ་བུར་གྱུར་ཡོད།
          དེང་གི་ཡར་ཀླུང་ས་གཞི་ཆེ་མོ་དེའི་ཐོག་སྤྱི་ཚོགས་དོ་དམ་མ་ལག་གི“གྲོང་ཁྱེར་དང་། རྫོང་། ཤང་། གྲོང་གསེབ”བཅས་ཀྱི་རིམ་བཞིའི་ཆ་འཕྲིན་བརྒྱུད་སྤེལ་དང་གནད་དོན་ཐག་གཅོད་ཀྱི་ལྡོག་འདྲེན་ལམ་ལུགས་རིམ་གྱིས་ཆགས་ནས“དུས་བདེའི་ལྷོ་ཁའི”འདུ་འགོད་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད།
          “དམངས་སེམས་འདུ་འགོད་ཆེན་པོ་བཅུ”འགོ་འཛུགས་པ་ལས་མཇུག་སྒྲིལ་རྒྱུ་མེད། དུས་ནམ་ཡང་མཚམས་འཇོག་རྒྱུ་མེད་པའི“འདུ་འགོད་ཨང་དང་པོ”དེས“བདེ་སྐྱིད་ལྡན་པའི་ལྷོ་ཁའི”རྩ་བ་བརྟན་དུ་གཏོང་བཞིན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716