སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆེ་དགྲ་ལྷས་ལྷ་སར་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
སྤེལ་དུས། 2017-02-13   ཡོང་ཁུངས། ཚེ་རྣམ།   རྩོམ་སྒྲིག་པ།  

          ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ལྷ་ས་གྲོང་ཁྱེར་སྤྲི་གྲོང་ས་གཙང་བདེ་ཐང་ཐོན་ལས་གླིང་དུ་ཕེབས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཐད་བརྟག་ཞིབ་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འགུལ་ནུས་སྐྱེད་སྲིང་བྱེད་མགྱོགས་སུ་བཏང་ནས་ཞིང་ལས་ཕན་འཕར་ཡོང་བ་དང་། ཞིང་པར་འབབ་འཕར་ཡོང་བ། གྲོང་གསེབ་སྔོ་ལྗང་ཅན་དུ་འགྱུར་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

          ཁྲེང་ཀོན་ཆུས་ཀྱི་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་ནི་མིག་སྔར་རང་རྒྱལ་དུ་ས་བབ་མཐོ་ཤོས་དང་། སྒྲིག་ཆས་ཆེས་སྔོན་ཐོན། ཐོན་སྐྱེད་བཟོ་རྩལ་གྱི་བརྒྱུད་རིམ་ནང་ཁོར་ཡུག་སྲུང་སྐྱོང་ཆེ་ཤོས་བཅས་ཀྱི་དེང་རབས་ཅན་གྱི་སྣོད་བཅུད་འབྲོག་ར་ཞིག་རེད། ཆེ་དགྲ་ལྷས་འོ་མ་འཇོ་ས་དང་ཕྱུགས་ཚང་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་གསོ་ཚགས་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྦྲགས་གཉེར་སྐྱོང་ཕན་འབྲས་དང་འཕེལ་རྒྱས་འཆར་འགོད་བཀའ་འདྲི་ཞིབ་ཕྲ་གནང་ནསདཀར་ཆུ་ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག་གམ། མར་ཕྱིར་ཚོང་བྱས་ཡོད་དམ།

          གསོ་ཚགས་གཞི་ཁྱོན་མཐོ་ཤོས་ལ་ལག་ཡོད་མགོ་གྲངས་ག་ཚོད་ཐོན་གྱི་ཡོད་དམཞེས་ཆེ་དགྲ་ལྷས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ལས་དོན་མི་སྣས་མིག་སྔར་ལྟེ་གནས་འདིའི་གསོ་ཚགས་གཞི་ཁྱོན་མགོ་གྲངས་ཁྲི་2000ལྷག་ཙམ་ཟིན་ནས་ཉིན་རེར་འོ་མ་ཏུན་7ཐོན་གྱི་ཡོད་པ་མ་ཟད། དཀར་ཆུའི་དམིགས་ཚད་ཁག་ཚང་མ་རྒྱལ་སྤྱིའི་ཚད་གཞི་ལས་མཐོ་བ་ཡོད་པས་ཁྲོམ་རར་ཚུར་སྣང་ལན་ཆ་ཆེན་པོ་འདུག་ཅེས་ཞུས།

          ཆེ་དགྲ་ལྷས་གསན་རྗེས་ཐུགས་བློ་ཚིམས་པོ་བྱུང་ནས་ཁོང་ཚོས་མ་གནས་ཞིབ་རྩིས་སྔར་བས་ལེགས་པོ་བརྒྱབ་སྟེ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། གསོ་ཚགས་ལྟེ་གནས་ཀྱིས་ལྕི་བ་བསྡུ་བའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་ལྕི་བ་ཕྱིར་འབུད་བྱས་མེད་པ་དང་ཆབས་ཅིག་སྤུས་ལེགས་སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་ཐོན་སྐྱེད་ཐུབ་ནས་ཐོན་ལས་གླིང་གི་འབྲས་ཤིང་དང་། མེ་ཏོག སྐྱེ་ལྡན་ཞིང་ལས་སྐྱེ་དངོས་བཅས་ལ་སྤྱད་པས་ཐོན་ཁུངས་དང་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་པར་ཆེ་དགྲ་ལྷས་ཁས་ལེན་གང་ལེགས་གནང་བ་རེད།

          ཕྱི་རོལ་དུ་གྲང་རླུང་སིལ་སིལ་ལྡང་ནའང་སྤྲི་གྲོང་ས་གཙང་ཞིང་ལས་ཀྱི་ཕན་འབྲས་མཐོ་བའི་རིག་ནུས་དྲོད་ཁང་དུ་སྔོ་ཐིང་ཐིང་དཔྱིད་ཉམས་ཀྱིས་ཁེངས་ཡོད། ཆེ་དགྲ་ལྷས་སྔ་རྗེས་སུ་ཁོག་མའི་མཛེས་ལྗོངས་དང་། མེ་ཏོག་ལྡུམ་ར། སྔོ་ཚལ་ཁུལ། ཀྭ་རིགས་དང་ཤིང་ཏོག་ཁུལ་བཅས་སུ་ཕེབས་ནས་ལག་རྩལ་མི་སྣའི་ངོ་སྤྲོད་གཟབ་ནན་ངང་གསན་པ་དང་རྩི་ཤིང་སྐྱེ་ཚུལ་ལ་ཞིབ་ཕྲ་གཟིགས་ནས་སྔོ་ཚལ་དང་ཤིང་འབྲས་ཁྲོམ་རར་ཕྱིར་ཚོང་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆེ་དགྲ་ལྷས་རིག་ནུས་ཞིང་ལས་ལག་རྩལ་དང་དེང་རབས་སྒྲིག་བཀོད་ཞིང་ལས་ལག་རྩལ་སོགས་མཐོ་གསར་ཚན་རྩལ་གྲུབ་འབྲས་ནང་འདྲེན་བྱས་པ་བརྒྱུད་གླིང་གི་འདེབས་འཛུགས་དང་གསོ་ཚགས་སོགས་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་མ་བཏང་ནས་འགྲན་རྩོད་བྱེད་ནུས་ཤུགས་ཆེན་ལྡན་པའི་སྔོ་ཚལ་དང་ཤིང་འབྲས་སོགས་རིམ་སྤེལ་ཐོན་རྫས་བཏོད་པ་དང་། ཡུལ་སྐོར་དང་ལྟ་སྐོར་སྤྲོ་གསེང་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་འདེབས་འཛུགས་ལྟེ་གནས་བཏོད་དེ་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་དེ་བས་མང་བ་ལྟ་སྐོར་དང་ཡུལ་སྐོར་བྱ་རྒྱུར་ཡིད་དབང་བཀུག་ཐོག་སྐད་གྲགས་ཆོད་ཚད་སྔར་བས་རྒྱ་ཆེར་གཏོང་བ་དང་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་མཐོ་རུ་གཏོང་རྒྱུའི་བླང་བྱ་བཏོན་གནང་བ་རེད།

          ཁྲེང་ཀོན་ཆུས་ཀྱི་གནད་སྨིན་དབུལ་སྒྲོལ་གྱི་དཀར་ཆུའི་བཟའ་བཅའ་ལས་སྣོན་བཟོ་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཆེ་དགྲ་ལྷས་ལས་གྲྭའི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། རྣམ་གྲངས་དེ་རྒྱལ་ནང་གི་སྔོན་ཐོན་དཀར་ཆུའི་བཟའ་བཅའ་ཐོན་སྐྱེད་ཚོང་པམོང་ཉིའུ་ཚོགས་པ་དང་མཉམ་ལས་འཕེལ་རྒྱས་ཀྱི་གྲོས་མཐུན་བཞག་པ་དང་ཕྱིས་བྱུང་འོ་མ་སོས་པ་དང་། ཞོ། འོ་མ་སྤུས་ལེགས་སོགས་ཀྱི་ཐོན་རྫས་གཙོ་བོ་གཏོད་རྒྱུ་དང་འབྲེལ་ས་མཐོའི་ཁོར་ཡུག་གིས་མོང་ཉིའུ་ཀུང་སིའི་སྔར་ཡོད་ཀྱི་ཐོན་སྐྱེད་བཟོ་རྩལ་ལ་སྒྱུར་བཀོད་དང་རིམ་པ་ཤུགས་ཆེན་སྤར་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་ཡིན་པ་མཁྱེན་རྗེས་ཆེ་དགྲ་ལྷ་ཐུགས་བློ་ཧ་ཅང་ཚིམས་པོ་བྱུང་བ་རེད། ཁོང་གིས་རང་ལྗོངས་ནི་རྒྱལ་ནང་གི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཤིག་ཡིན་པ་མ་ཟད་དུས་མཚུངས་སུ་མཁའ་རླུང་གཙང་བ་དང་། ཆུ་གཙང་བ། ས་གཙང་བ་སོགས་སྦགས་བཙོག་མེད་པའི་རང་བྱུང་ཁོར་ཡུག་ཡོད་པས་རྒྱལ་སྤྱིའི་རྩེར་སོན་དཀར་ཆུའི་སྤུས་རྟགས་གཏོད་པའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད། ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་ཚན་རྩལ་གྱི་འདེགས་སྐྱོར་བྱས་ནས་ཞིང་འབྲོག་ཐོན་ཟོག་གི་མཁོ་སྤྲོད་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲོམ་ར་སྟོན་ཕྱོགས་སུ་བྱས་ནས་འཛད་སྤྱོད་དགོས་མཁོའི་རིམ་པ་སྤོར་བའི་གོམ་སྟབས་དང་བསྟུན་ཏེ་བདེ་ཐང་འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་སྐོང་བ་དང་། ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་རྩེར་སོན་གཉེར་སྐྱོང་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716