སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ས་མཐོའི་ཐོག་གི་རྫོགས་མཐའ་མེད་པའི་སྙིང་སྟོབས་ཀྱི་འབྱུང་ཁུངས།
སྤེལ་དུས། 2017-02-14   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
—— མི་རྣམས་མདུན་སྐྱོད་ལ་སྐུལ་བའི“གཉལ་སྨད་ཀྱི་སྙིང་སྟོབས”སྐོར་བཀོད་པ།
          བོད་དུ་ལྷོ་ཁའི་གཉལ་སྨད་ཤང་དང་གཉལ་སྨད་ཀྱི་སྙིང་སྟོབས་སྐོར་གླེང་སྐབས། དུས་རབས་གོང་མའི་ལོ་རབས་70པའི་དུས་འགོར“འཛམ་གླིང་ཡང་རྩེར”“ཞིང་ལས་ཏ་ཀྲའེ་ལ་སློབ་སྦྱོང་བྱེད་པའི”དམར་མདངས་བཀྲ་བའི་དར་ཆ་ཞིག་གཡོ་བ་དང་། “རིང་ས་ཏ་ཀྲའེ་ལ་སློབ་སྦྱོང་དང་། ཉེ་ས་གཉལ་སྨད་ལ་སློབ་སྦྱོང”བྱེད་པ་ནི་སྐབས་དེ་དུས་ཀྱི་འབོད་སྒྲ་དྲག་པོ་ཞིག་ཡིན་ལ་ལོ་བཞི་བཅུ་ཡན་ལ་སླེབས་པའི་མི་མང་ཆེ་བས་ཤེས་ཐུབ།
          དུས་རབས་གོང་མའི་ལོ་རབས་60པར་ལོ་རྒྱུས་དང་དུས་རབས་ཀྱི་དགོས་མཁོ་ལྟར། ལྷུན་རྩེ་རྫོང་གི་དེ་སྔའི་གཉལ་སྨད་ཀུང་ཧྲེའི་ཏང་ཀྲི་པུའི་ཧྲུའུ་ཅི་རིག་འཛིན་དབང་རྒྱལ་གྱིས་གཉལ་སྨད་མང་ཚོགས་ཀྱི་སྣེ་ཁྲིད་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ། སྒུག་རྟེན་མི་བྱེད་པ་དང་། དཔའ་ངར་ཞུམ་མེད། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་གཏོད་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲགས་འགུལ་ཅི་ཡང་མེད་པའི་གཉལ་སྨད་ཀྱི་ས་གཞིའི་ཐོག་ཧང་སངས་དགོས་པའི་གྲགས་འགུལ་ཆེན་པོ་བྱུང་།
          དུས་ཚོད་ཇི་ཙམ་འདས་ཀྱང“གཉལ་སྨད་ཀྱི་སྙིང་སྟོབས”དེ་ས་མཐོའི་ཐོག་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཤིག་དང་མཚུངས་པར་བོད་ཀྱི་བུ་ཕྲུག་རྣམས་ཡར་སྐྱེད་ལྷོད་མེད་དང་འབད་འབུངས་ལྷོད་མེད་ལ་སྐུལ་བའི་ཡིད་གསོས་ཤིག་ཏུ་གྱུར།
          གཉལ་སྨད་ཀུང་ཧྲེ་རི་གྲོང་བཅུ་དྲུག་ལས་གྲུབ་པ་དེ་དག་རི་བོ་ཆེན་པོ་བཅུ་དང་ལུང་གཞུང་ཆེན་པོ་གསུམ་གྱི་རི་ཁུག་ཏུ་ཁ་འགྲེམས་ནས་ཆགས་ཡོད། “རི་མང་ལ་ས་ཉུང་བ་དང་གྲོད་པ་མི་རྒྱགས་པ”ནི་དུས་རབས་གོང་མའི་ལོ་རབས་60པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དངོས་རེད།
          “ཟས་གྲོད་པ་རྒྱགས་པ་ཟ་འདོད་ན། ས་ཞིང་གསར་སྦོལ་བྱེད་དགོས”འདི་ནི་རིག་འཛིན་དབང་རྒྱལ་གྱིས་ཀུང་ཧྲེ་ཡོངས་ཀྱི་ཚོགས་ཆེན་ཐོག་བཤད་པའི་གནད་ལ་འཁེལ་བའི་སྐད་ཆ་ཚིག་གཅིག་རེད།
          “བསམ་ཕོད་པ་དང་བྱེད་ཕོད་པ”ཡང་གཉལ་སྨད་བ་ཚོའི་ཞེ་གཏིང་གི་སེམས་ཤུགས་བརྟན་པོ་ཞིག་ལགས།
          ཉིན་གཉིས་པར་ཀུང་ཧྲེ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མས་འཇོར་དང་སྦྱག་མ་ཕྲག་པར་ཁུར། རྟ་དང་བ་གླང་འཁྲིད་ནས་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་པའི་གསར་བརྗེ་ཐང་དུ་བསྐྱོད།
          “ཐང་དེ་ནི་ང་ཚོའི་ཁྱིམ་ཚང་ཡིན་པས་ཟ་འཐུང་ཚང་མ་ཐང་དེར་བྱེད་ཀྱི་ཡོད”ཅེས་འདི་ལོ་ལོ་71ལ་སླེབས་པའི་གཉལ་སྨད་ཤང་ཤེར་མདོ་གྲོང་ཚོའི་གྲོང་མི་སྤེན་པ་དབང་ཆེན་གྱིས་ཕྱིར་དྲན་བྱེད་བཞིན་བཤད།
          གསར་བརྗེ་ཐང་དུ་ཞིང་ཁ་སྔ་ཙམ་འདེབས་ཐུབ་ཆེད། མང་ཚོགས་ཚོས་ཐང་དེར་སྦྲ་གུར་ཕུབ། མ་གཞི་གུར་དེས་དབྱར་ཁ་ཆར་པ་མི་འཚོག་པ་དང་དགུན་ཁ་གྲང་རླུང་མི་ཁོག་མོད། དཀའ་ངལ་དེ་དག་གིས་གཉལ་སྨད་བའི་ཞིང་ཁ་འདེབས་པའི་ཆོད་སེམས་འགོག་པར་མ་ནུས།
          དུས་ཡུན་ལོ་གཅིག་རིང་གཉལ་སྨད་བས་བརྡར་ཟད་ཐེབས་པའི་གཤོལ་ལྕགས་དང་རྣོ་ཟད་པའི་འཇོར་དང་སྦྱག་མ་སོགས་ངོ་གྲངས་ཆིག་སྟོང་ལྷག་ཡོད་པ་དང་རྒན་རྒོན་དང་བྱིས་པ་ཚོས་ས་རྒོད་ནས་རྡོ་ཧྲུག་རྒྱ་དཔངས་གྲུ་བཞི་ཆིག་སྟོང་ཙམ་བསྒྲུགས།
          ལོ་གཉིས་པའི་དཔྱིད་རྨོད་གོང་དུ་གཉལ་སྨད་བ་ཚོས་གསར་བརྗེ་ཐང་དུ་ས་སྦོལ་མུའུ་760བྱས་པ་དང་ལོ་གཉིས་པའི་དགུན་ཁར་མུའུ་1100ཡོད་པའི་ཐང་རྒོད་ཡོངས་སུ་ས་སྦོལ་བྱས།
          གསར་བརྗེ་ཐང་དུ་ཞིང་ཁ་འདེབས་པར་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱེད་དགོས།
          གསར་བརྗེ་ཐང་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་དུ་གནས་པ་དེ་ཀུང་ཧྲེ་གནས་ས་ལས་སྨི་300ཡིས་མཐོ་བ་ཡོད་པས། ཞིང་ཆུ་ཇི་ལྟར་འདྲེན་མིན་དཀའ་གནད་ཆེ་ཤོས་སུ་གྱུར།
          “དང་ཐོག་ང་ཚོས་ལུང་ཤུར་ནས་ཡུར་བུ་བཟོས་ཏེ་ཆུ་འདྲེན་རྩིས་བྱས་པ་ཡིན”“ཡིན་ན་ཡང་ཆུ་ཧ་ཅང་ཆུང་དྲགས་པས་དགོས་མཁོ་སྐོང་ཐབས་ཟད”ཅེས་ལོ་71ལ་སླེབས་པའི་གཉལ་སྨད་ཤང་གཉལ་སྟོད་གྲོང་ཚོའི་གྲོང་མི་སྐལ་བཟང་དོན་ལྡན་གྱིས་བརྗོད་བྱུང་།
          ས་ཞིང་ལ་ཆུ་འདྲེན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་ཆེད། ཀུང་ཧྲེས་འཕྲལ་སྒྲུབ་རུ་མི་70ལྷག་བསྐོངས་ཏེ་མོ་ལ་རུ་གནས་བཅས་ནས་སྤྱི་ལེ་8.5ཡོད་པའི་ཡུར་བུ་ཞིག་བཟོ་རྩིས་བྱས་པ་རེད།
          ས་བབ་མཐོ་ཚད་སྨི་5000ཟིན་ཅིང་ཞོགས་གཅིག་གཡང་གཟར་ཡིན་པའི་རི་བོའི་ལྡེབས་སུ་ཡུར་བུ་འདྲུ་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན།
          འཕྲལ་སྒྲུབ་རུ་མི་ཚོའི་འབད་འབུངས་འོག་གཡུ་འབྲུག་འཁྱུག་པ་ལྟ་བུའི་ཡུར་བུ་དེ་ག་ལེར་ག་ལེར་དྲུས་པ་རེད། ཡིན་ན་ཡང་། ཆ་ལང་གི་དབྱིབས་ལྟ་བུའི་བྲག་ངོས་དེར་ཁོང་ཚོའི་ལས་སྒྲུབ་ཀྱི་གོམ་སྟབས་སྤོ་མཚམས་མི་འཇོག་ཐབས་མེད་བྱུང་བ་རེད།
          ཆ་ལང་གི་དབྱིབས་ལྟ་བུའི་བྲག་ངོས་དེའི་མཐོ་ཚད་ལ་གཞུ་འདོམ་12དང་ཞེང་ཚད་ལ་གཞུ་འདོམ་20ཡོད་པ་མ་ཟད། ལག་པ་འཆང་ས་དང་རྐང་པ་འཛུགས་ས་ཡང་མེད་པར་གྱེན་དུ་བལྟས་ན་གཡང་གཟར་དང་ཐུར་དུ་བལྟས་ན་གྲོག་རོང་ཆེན་པོ་ཡིན་པས་དེ་ནི་ལས་གྲྭའི་དཀའ་ཚེགས་ཆེ་ཤོས་ཀྱི་དུམ་བུ་ཞིག་རེད།
          ཇི་ལྟར་བྱ། གཉལ་སྨད་བ་རྣམས་ནི་དཀའ་ངལ་ལ་མགོ་སྒུར་མཁན་ཞིག་ཡེ་ནས་མིན།
          “མི་གཉིས་ཀྱི་རྐེད་པར་ཐག་པ་བརྒྱབ་ནས་ཐུར་དུ་དཔྱངས་ཏེ་བར་སྣང་ནས་ག་ལེར་བརྐོ་བ་ལས་ཐབས་གཞན་ཅི་ཡང་མེད”སྔོན་ཆད་འཕྲལ་སྒྲུབ་རུ་མི་ཡིན་པའི་སྐལ་བཟང་དོན་ལྡན་གྱིས་དེ་ལྟར་བརྗོད།
          བུད་མེད་ཚོ་ཡང་འཇོན་ཐང་ལྡན་བ་ཤ་སྟག་རེད། དེ་སྔའི་བུད་མེད་འཕྲལ་སྒྲུབ་རུ་ཁག་གི་རུ་དཔོན་པད་མ་གཡུ་སྒྲོན་གྱིས་གཞུ་འདོམ་12ཡོད་པའི་གཡང་གཟར་ངོས་སུ་འཛེགས། དེ་རྗེས་རུ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་འཛེགས། ཁོང་ཚོས་བར་སྣང་དུ་དཔྱངས་ནས་ལས་ཀ་བྱས་ཤིང་། པད་མ་གཡུ་སྒྲོན་གྱིས་ཨི་ཁུང་འབིགས་པ་དང་། དེའི་ནང་དུ་འབར་རྫས་བླུག་པ། མེ་སྤོར་བ་བཅས་ཉེན་ཁ་ཆེ་བའི་ལས་འགན་འཁུར་བ་རེད།
          ཆ་ལང་གི་དབྱིབས་ལྟ་བུའི་བྲག་ངོས་ནས་འབར་རྫས་ཀྱི་སྒྲ་འུར་འུར་དུ་གྲགས་ཤིང་། ཉིན་བཅུ་ལ་འབད་འབུངས་ཧུར་ཐག་བྱས་པ་བརྒྱུད་འཕྲལ་སྒྲུབ་རུ་མི་ཚོས་གཞི་ནས་དཀའ་ཚེགས་ཆེ་ཤོས་ཀྱི་དུམ་བུ་དེ་བཤངས་པ་རེད།
          1967ལོར། དྭངས་གཙང་གི་ཆུ་བོ་བདེ་སྐྱིད་ཡུར་བུ་བརྒྱུད་ནས་ལྷུང་ལྷུང་དུ་བབས་པ་ལ་མི་རྣམས་སེམས་འགུལ་ཐེབས་ཤིང་དགའ་སྤྲོས་ཁེངས།
          གཉལ་སྨད་མི་དམངས་ཀྱིས་གསར་སྦོལ་བྱས་པའི་ས་རྒོད་ལ་ནས་དང་པད་ཁ་བཏབ་པ་དང་། ཁོང་ཚོས་ཆུ་གཏོང་བ་དང་། ལུད་རྒྱག་པ། རྩྭ་ངན་བཀོག་པ་བཅས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་སྟེ། ལོ་དེར་གསར་བརྗེ་ཐང་ནས་འབྲུ་རིགས་སྣ་ཚོགས་རྒྱ་མ་ཁྲི་45ལྷག་ཙམ་ཐོན།
          ད་ཆའི་གསར་བརྗེ་ཐང་སྔ་ས་ནས་རྨོ་བསྐྱུར་ནགས་གསོ་བྱས་ཟིན། གཉལ་སྨད་བ་རྣམས་ཀྱིས་འཚོ་གནས་ཀྱི་ཆེད་དུ་འབད་འབུངས་བྱས་པའི་རྣམ་པ་དེ་ལོ་རྒྱུས་ཀྱི་སྨུག་པའི་ཁྲོད་ནས་ག་ལེར་མ་གེ་མོག་གེར་གྱུར་མོད། ཡིན་ན་ཡང“རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འབུངས། དཀའ་ངལ་ཁྱད་གསོད། སྒུག་བརྟེན་མི་བྱེད་པ”བཅས་ཀྱི་གཉལ་སྨད་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡག་པོ་བྱུང་ཡོད་པ་རེད།
          —— ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་ནས་སྨུག་འདེབས་འཛུགས་རྟེན་གཞིར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་རྡོ་རྗེས། ལྷུན་རྩེ་རྫོང་གི་ནས་སྨུག་སྐད་གྲགས་ཆོད་ཡོད། ཡིན་ན་ཡང་ཐོན་འབབ་མཐོ་པོ་མེད། གྲོང་ཁྱེར་གྱིས“ཐོན་ལས་དང་། སྤུས་རྟགས། ཚོང་རྟགས”བཅས་གསུམ་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུན་དུ་ནས་སྨུག་འདེབས་རྒྱ་དེ་སྔའི་མུའུ་ཁྲི་1.3ནས་མུའུ་ཁྲི་2.2བར་ཆེ་རུ་བཏང་བ་མ་ཟད་ད་དུང་མུའུ་རེའི་ཐོན་འབབ་ཀྱང་དེ་སྔའི་རྒྱ་མ་490ནས་530བར་འཕར་ཡོད། ཞིང་ཁ་སྦོལ་བཞིན་པའི་ནས་སྨུག་འདེབས་འཛུགས་དུད་ཚང་བཀྲ་ཤིས་ཀྱིས“ནས་སྨུག་ཁྲོམ་རར་དགོས་མཁོ་ཆེན་པོ་ཡོད་སྟབས་རིན་གོང་ཡང་ནས་དཀྱུས་མ་ལས་རྒྱ་མ་རེར་སྒོར་1ཡས་མས་ཀྱིས་མཐོ་བ་ཡོད་པས། ཚང་མ་ནས་སྨུག་འདེབས་རྒྱུར་བྲེལ་གྱི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བརྗོད་པ་རེད།
          —— ལྷུན་རྩེ་གྲོང་རྡལ་མང་མཚོ་ཡུལ་མི་ཨུ་ལྷན་གྱི་པ་སངས་ཁྱིམ་དུ་བཞོན་མ་བཅུ་གྲངས་ཤིག་གསོས་འདུག “2004ལོའི་གོང་དུ་ང་ས་གནས་འདིའི་དུད་ཚང་དབུལ་པོའི་གྲས་ཡིན། ཡིན་ན་ཡང་། ད་ཆ་རྒྱུད་ལེགས་བཞོན་མ་12གསོས་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཡོད”ཅེས་བཞོན་མ་གསོས་པའི་སྐོར་གླེང་སྐབས་པ་སངས་ཀྱིས་དེ་ལྟར་བརྗོད།
          —— དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་ཁྲོད། མང་ཚོགས་མང་པོས“རང་སྟོབས་རང་སྤེལ”གྱི་སྙིང་སྟོབས་ལ་བརྟེན་ནས་ངོ་སོ་ཆེ་བའི་དབུལ་སྒྲོལ་ཐུབ་ཡོད། སྦྲ་སྒོར་གྲོང་ཚོའི་སྒྲོལ་དཀར་ནི་དབང་པོ་སྐྱོན་ཅན་ཡིན་མེད་སྙིང་སྟོབས་ཆེན་པོ་ཡོད་དེ། ཁོང་གིས་སྒུག་བརྟེན་མི་བྱེད་པར་སྦྲ་སྒོའི་སྔོ་ཚལ་རྟེན་གཞིར་ལས་ཞུགས་བྱས་པས་ལོ་རེར་ཡོང་འབབ་སྒོར་ཁྲི་3རག་གི་ཡོད་པ་དང་། དུད་ཚང་དབུལ་པོ་བཀྲ་ཤིས་དར་རྒྱས་ཀྱིས་བཞོན་མ་གསོ་ཚགས་བྱས་པར་བརྟེན་ནས་སྡོད་ཁང་གསར་པར་སྤོས་ཡོད། ཡུལ་མི་ཚོའི་འཚོ་བ་སྔར་བས་ཡག་ཏུ་ཕྱིན་པས། རྒད་པོ་སྤེན་པ་དབང་ཆེན་གྱིས“སྔོན་ཆད་ངས་ང་ཚོ་མི་རབས་འདི་རྒས་པ་དང་བསྟུན་ནས་གཉལ་སྨད་ཀྱི་སྙིང་སྟོབས་ཀྱང་ཡལ་རྒྱུ་རེད་བསམས་ནས་སེམས་ཁྲལ་བྱེད་མྱོང་མོད། ད་ལྟ་ཚང་མས་སོ་སོའི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་བ་མཐོང་བས་གཉལ་སྨད་ཀྱི་སྙིང་སྟོབས་རྒྱུན་འཛིན་ཐུབ་ཡོད་པ་ཤེས་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716