སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“སྤྲིན་པའི་ཁྲོད་ཀྱི་གྲོང་ཚོ་གསར་པར”ལོ་གསར་གྱི་བསམ་འདུན་ཉན་པ།
སྤེལ་དུས། 2017-02-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
སྣང་རྫོང་དཔལ་རོགས་གྲོང་ཚོ་ལ་ལུང་ཚོགས་ཆུང་གི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པ།
          དཔྱིད་ཟླ་གཉིས་པར་གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་། རླངས་འཁོར་བཏང་སྟེ་སྣང་རྫོང་རྫོང་གྲོང་ནས་ལྷོ་ནུབ་ཕྱོགས་སུ་ཐོན་པ་དང་ལུང་ཤུར་ནང་གི་རི་ལམ་བརྒྱུད་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ས་བབ་མཐོ་ཚད་སྨི་3500ཡོད་པའི་ལ་ཐོག་ཤང་ལ་སླེབས་པ་དང་དེ་ནས་མུ་མཐུད་རི་ལམ་དེད་ནས་ཆུ་ཚོད་གཅིག་ཙམ་བསྐྱོད་ན་ད་ཐེངས་ཀྱི་དམིགས་ས་སྟེ། ས་བབ་མཐོ་ཚད་སྨི་4300ཡོད་པའི་ལ་ཐོག་ཤང་དཔལ་རོགས་གྲོང་ཚོ་ལ་ལུང་ཚོགས་ཆུང་གི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སླེབས།
          ལོ་83ལ་སླེབས་པའི་རྒད་པོ་ནོར་བུ་དབང་འདུས་ཀྱི་བོད་བཟོའི་སྡོད་ཁང་གསར་པའི་ནང་སྦི་རག་དང་། འཐུང་བྱ། ཤ་སྐམ་པོ། བྱི་རིལ་སོགས་ལོ་གསར་གྱི་ཉེར་མཁོ་སྣ་ཚོགས་ཚོམས་ཆེན་གྱི་ཟུར་ཞིག་ཏུ་སྤུངས་ཡོད་པ་དང་། ཐབ་ཚང་ནང་ཆུ་སྐོལ་ཆས་དང་། གློག་རྡིག ཇ་སྲུབ་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་ཚང་མ་གང་དགོས་དེ་འཛོམས་ཡོད་པ་དང་ནང་མི་ཚོས་སྡོད་ཁང་གསར་པའི་ནང་སྤོས་རྗེས་ཀྱི་བོད་ཀྱི་ལོ་གསར་དང་པོ་དེ་གཏོང་བའི་གྲ་སྒྲིག་བྱེད་བཞིན་འདུག
          “ཆུང་དུས་ང་ནི་ལུག་འཚོ་མཁན་བྲན་གཡོག་ཡིན། ཉིན་མོ་ཆར་རླུང་དང་ཉི་མ་ཚ་པོའི་འོག་ལས་ཀ་བྱེད་དགོས་པ་དང་དགོང་མོ་ཁང་པ་གོག་ཧྲུལ་དུ་སྡོད་དགོས་པས་ལུས་པོ་ཡོངས་ལ་ཤིག་རྒྱག་པ་དང་ན་ཡང་ཞིང་བྲན་བདག་པོར་ཤོད་ནུས་ཀྱི་མེད། ད་ཆ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང”ཞེས་རྒད་པོ་ནོར་བུ་དབང་འདུས་ཀྱིས་ཤ་སྐམ་པོ་ཟ་བ་དང་ཇ་བསྲུབས་མ་འཐུང་གིན་དུ་བཤད།
          ཉེ་བའི་ལོ་ཤས་རིང་གངས་ལྗོངས་ས་མཐོ་ཡོངས་ལ་ཡུལ་གཞན་དུ་གནས་སྤོ་བའི་ཚ་རླབས་འཕྱུར་བ་དང་སྦྲགས་དེ་སྔ་ཁང་པ་ནག་ཁུང་དུ་སྡོད་པའི“ལུག་རྫི”ནོར་བུ་དབང་འདུས་ཀྱང་ཁང་པ་གསར་པར་སྤོས་པ་རེད། ན་ནིང་ཟླ་7པར་སྲིད་གཞུང་དང་མང་ཚོགས་ཀྱིས་མཉམ་དུ་བསྐྲུན་པའི་ལ་ལུང་ཙུའུ་ཡི་ཡུལ་གཞན་དུ་གནས་སྤོའི་བདེ་སྡོད་ཁང་པ་ཨར་ལས་འགོ་ཚུགས་པ་དང་ཟླ་11པའི་ཟླ་མཇུག་ཏུ་ཨར་ལས་ལེགས་གྲུབ་བྱུང་ཡོད། འདི་ལོའི་ཟླ་དང་པོར་ནོར་བུ་དབང་འདུས་ཚུད་པའི་དཔལ་རོགས་གྲོང་ཚོ་ལ་ལུང་ཙུའུ་ཡི་དུད་ཚང་6གི་གྲོང་མི་23སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
          སྡོད་ཁང་གསར་པར་སྤོས་རྗེས་ཀྱི་བོད་ཀྱི་ལོ་གསར་དང་པོ་དེ་འཆར་ཉེར་ཡོད་པ་དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་རྒྱ་མཚོའི་སེམས་ལ་དགའ་སྤྲོས་ཁེངས་ཤིང་། “དུད་སྦྲེལ་སྤྱི་མི་ཞིག་གི་ངོས་ནས་ལོ་གསར་བཏང་རྗེས་ངས་ཚང་མར་ཕྱོགས་སུ་གླ་པར་འགྲོ་རྒྱུར་སྐུལ་ལྕག་བྱ་རྒྱུ་མ་ཟད། གྲོང་ཚོའི་སྲོལ་རྒྱུན་གྱི་ར་གསོ་ལས་རིགས་ཀྱི་གཞི་ཁྱོན་རྒྱ་ཆེར་བཏང་ནས་མཉམ་ལས་ཁང་འཛུགས་རྒྱུ་ཡིན”ཞེས་བཤད། ཁོང་གིས་སྔ་ས་ནས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་འདུག
          “ཁང་པ་དེ་འདྲའི་གཙང་ལ་དཀར་ཆ་དོད་པས་གྱང་ལ་ལག་པའང་འཆང་ཕོད་ཀྱི་མི་འདུག སྡོད་ཁང་འདིར་རང་ཉིད་ཚེ་རིང་ཙམ་ཡོང་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་རྒྱུན་རིང་ཙམ་ཐུབ་པའི་རེ་སྨོན་བྱེད་ཀྱི་ཡོད”ཅེས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་བའི”སྐུ་པར་གཙང་འཕྱིས་རྒྱག་བཞིན་དུ་ལོ་84ལ་སླེབས་པའི་རྒན་མོ་སྒྲོལ་མས་ལོ་གསར་པའི་བསམ་འདུན་བཤད་པ་དང་ཁོང་གི་སྐད་ཆ་དེ་བབ་ཆགས་པ་ལ་མིར་སེམས་འགུལ་ཐེབས་པ་ཞིག་འདུག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716