སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སོ་ནམ་ལོ་གསར་གྱི་དྲན་གསོ་དང་དྲན་སྐུལ།
སྤེལ་དུས། 2017-02-24   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།

ཐོག་ཀའི་ཡངས་སྟེང་ནས་བཀྲ་ཤིས་ཆང་ཕུད་བཏེགས་པ།
ས་དཀར་གྲོང་ཚོའི་མང་ཚོགས་ཚོས་མཉམ་དུ་དར་ལྕོག་འཛུགས་བཞིན་པ།
          ང་རང་ནི་བཀྲུས་ནས་དག་ཐབས་མེད་པའི་སོ་ནམ་པའི་བུ་ཕྲུག་ཅིག་ཡིན་ཞིང་། མི་ཚེ་འདིའི་བྱ་གཞག་གི་ཆེད་དུ་ལྟེ་ཁྲག་འཕོ་ས་སྙེ་མོ་ནས་ཁ་བྲལ་ཏེ་བགྲང་བྱ་བཞི་བཅུ་ལྷག་ཙམ་སོང་བ་དང་མེས་པོ་གོང་མ་རྣམས་ཀྱང་། སྔ་མ་སྔ་མ་འདས་པ་དང་ཕྱི་མ་ཕྱི་མ་གསར་དུ་མི་ཡུལ་དུ་འབྱོར་བའི་ཆོས་ཉིད་ལྟར། ཞིང་གཞན་དུ་གཤེགས་ནས་ལོ་མང་སོང་བར་བརྟེན་སྐྱེ་ཡུལ་ལ་ཞེན་ཆགས་དེ་ཙམ་བྱེད་རིན་མེད་པ་ལྟ་བུར་གྱུར་ཅིང་། ད་ཆ་རང་གི་ལས་དོན་དང་ཚེ་མཇུག་སྐྱེལ་ས་འདི་ཉིད་རང་ཉིད་ཀྱི་སྐྱེ་ཡུལ་དངོས་དང་འདྲ་བར་གྱུར་ཡོད་པས། སྐྱེ་ཡུལ་གྱི་སོ་ནམ་ལོ་གསར་སྐོར་གླེང་དབང་མེད་པ་ལྟར་གྱུར་ཡོད། དེ་ལྟར་ཡང་དྲན་གསོ་ནི་བསྐྱོད་ཟིན་པའི་ཤུལ་ལམ་དུ་སླར་ཡང་ཕྱིར་མིག་ལྟ་བ་ཞིག་དང་དེ་ནས་རིན་ཐང་ཞིག་འཚོལ་ཞིབ་བྱེད་པ་ཞིག་ཀྱང་ཡིན་པས། ཁོ་བོས་འདས་དོན་གླེང་ཞིང་། ཡང་སྙིང་དེང་གི་དུས་འདིར་གཙང་ཕྱོགས་ཞིང་ཁུལ་དུ་སོ་ནམ་ལོ་གསར་ཇི་ལྟར་གཏོང་བར་བསྐྱོད་ཚུལ་དང་བཅས་པ་ཅུང་ཟད་འགོད་དོ།
          སྔ་ལོའི་སོ་ནམ་ལོ་གསར་སྐབས།
          ན་སོའི་སྐས་རིམ་ཡར་ལ་འཛེགས་པ་དང་། གནག་སྣུམ་སྐྲ་ལོར་རྒས་རྟགས་མཚོན་པའི་སྐྲ་དཀར་ཡང་འགྲན་བཞིན་དུ་ཐོན་པའི་སྐབས་འདིར། རྒྱུན་གཏན་སྐད་ཆའི་ནང་དུའང་ཕ་ཡུལ་སྙེ་མོའི་ཡུལ་སྐད་འདྲེས་ཤུགས་ཇེ་ཆེར་སོང་སྟེ། མི་མང་པོ་ཞིག་གིས་ང་ཡི་ཕ་ཡུལ་གང་ནས་ཡིན་མིན་སྐད་ལུགས་ཀྱི་ཐོག་ནས་ཟུར་ཙམ་རྟོགས་ཀྱི་འདུག་ཅེས་བརྗོད་མཁན་མང་པོ་ཞིག་འདུག་ལ། དེ་བས་ཀྱང་། བྱ་རྒས་ན་ཚང་དྲན་པ་དང་། མི་རྒས་ན་ཡུལ་དྲན། ཞེས་པ་ལྟར་སྐབས་འགར་དམིགས་གཞི་མེད་པའི་མནོ་བསམ་འཁོར་བའི་ནང་སྐྱེ་ཡུལ་ཕྱོགས་ལ་ལན་རེ་ཙམ་འགྲོ་འདོད་པའི་བསམ་བློ་ཡང་འཁོར་བ་དང་། དེ་བཞིན་མཚན་མོ་མལ་དུ་ཞུགས་ནས་གཉིད་ཀྱི་རྒྱལ་པོ་མ་བྱོན་པར་ལུས་སྐབས། ཡིད་ཀྱི་དཀྱིལ་འཁོར་དུ་སྔར་སོང་བྱིས་པའི་དུས་ཀྱི་ལོ་ཟླ་འཆར་ཞིང་། དེ་བས་ཀྱང་ཆུང་དུས་སོ་ནམ་ལོ་གསར་སྐབས་ཕ་ཡུལ་ཞིང་གྲོང་དུ་འཚོ་གོས་དེ་ཙམ་གྲ་འགྲིག་པོ་མེད་ཀྱང་། ལོ་གསར་གྱི་རྟེན་འབྲེལ་འཕྱུགས་པ་མེད་པར་བྱེད་པ་དེ་དྲན་ཏེ་ཕ་ཡུལ་གྱི་ལོ་གསར་ལ་འཁྱུག་ཙམ་འགྲོ་སྡོད་པ་དེ་རྟ་ཁ་སྲབ་ཀྱིས་མི་ཁོག་པ་ལྟར་གྱུར་ཞིང་། ཕ་ཡུལ་སྙེ་མོ་ནས་བུ་སྤུན་རྣམས་ཀྱིས་ཀྱང་ང་ཚོའི་ལོ་གསར་ལ་ཕེབས་ཤོག་ཅེས་ཁ་པར་ཡང་ཡང་འབྱོར་བས། སེམས་ཉིད་དེ་ལོ་གསར་མ་ཤར་གོང་ནས་གཙང་ཕྱོགས་སུ་འཕུར་ཟིན།
          ལོ་རབས་བརྒྱད་ཅུ་པའི་ནང་རྐང་འཁོར་ལེགས་གྲས་ཤིག་ཉོ་བར་ཡང་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་དགོས་པའི་ང་རང་ད་ཆ་ལོ་ན་དྲུག་ཅུའི་བསུ་མ་འབྱོར་བའི་རྒད་པོའི་གྲས་སུ་གྱུར་པའི་སྐབས་འདིར། ཁོ་བོས་དགའ་ངོམས་ཆེན་པོས་རླངས་འཁོར་གྱི་ཁ་ལོ་རང་ཉིད་ཀྱིས་བསྒྱུར་ནས། ཕ་ཡུལ་གྱི་ཕྱོགས་སུ་སོ་ནམ་ལོ་གསར་གཏོང་བར་བསྐྱོད། ལོ་གསར་སྐབས་སྤུན་མཆེད་ཚོའི་སར་ཞོགས་པ་ཁྱིམ་མཚེས་ཚོས་སྔར་བཞིན་ཕྱེ་མར་རྒྱུག་པར་ཡོང་གི་ཡོད་ཤས་བྱས་ཀྱང་། སྔར་གྱི་དགའ་ཉེ་སྤུན་མཆེད་རྣམས་ཀྱི་ཁྲོད་ནས་བགྲེས་སོང་ཁག་གཅིག་འདས་ཟིན་ནས་རྗེས་རབས་པ་ཡིན་འདུག་པས་ཁོ་བོས་ངོ་མི་ཆོད་པར་སུའི་ཚང་གི་རེད་དམ་ཞེས་ཡང་ཡང་འདྲི་དགོས་བྱུང་ལ། དགའ་ཉེ་ཁག་གཅིག་ཕེབས་ཀྱི་མི་འདུག་པས། དེར་ཁོ་བོ་དོ་སྣང་ཆེན་པོ་བྱུང་ནས་དེའི་ཚབ་ཏུ་དགའ་ཉེ་གསར་པ་ཁག་གཅིག་ཕེབས་ཀྱི་འདུག་པའི་ཚེ། རྒྱུ་མཚན་ཅི་ཡིན་འདྲི་སྐབས། སྤུན་བུ་བསོད་ནམས་ཚེ་བསྟན་གྱིས། སྤྱི་ཚོགས་འཚོ་བའི་ནང་ཕན་ཚུན་ལས་དོན་གང་ཞིག་ཡིན་རུང་ཚུལ་ལྡན་གྱི་འགྲན་རྩོད་མ་བྱས་པར་ཞེ་སྡང་ཕྲག་དོག་གི་འགྲན་རྩོད་བྱས་ཏེ་རིམ་བཞིན་སེམས་པ་རྒྱང་ཁྱད་ཆོད་དེ་ལུང་པ་གཅིག་གི་ནང་བསྡད་ཀྱང་ཕན་ཚུན་སྐད་བརྡ་ཡང་འཕྲོད་པོ་སྤྲོད་རེས་མེད་པའི་ཁྱིམ་ཚང་འགའ་ཡང་ཡོད་པའི་གནས་ཚུལ་ཤེས་བྱུང་བས་སྐབས་དེར། ཁོ་བོར་མཐུན་སྦྱོར་གྱི་ཞིང་པ་གསར་པ་མ་ཆགས་པ་དེ་ལྟོ་གོས་འཛོམས་པའི་དུས་བཟང་འདིའི་སྐབས་ཀྱི་ཐབས་སྐྱོ་བའི་སྣང་ཚུལ་ཞིག་རེད་སྙམ་པའི་མནོ་བསམ་འཁོར་བྱུང་།
          ཆུང་དུས་གྲོང་གསེབ་ཏུ་སྡོད་སྐབས་ལོ་གསར་ཚེས་གཉིས་ནས་འགོ་བཙུགས་ཏེ། གྲོང་ཚོའི་ནང་གི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་མ་བསྐུལ་རང་མོས་ངང་གྲོང་ཚོའི་གཡུལ་ཐང་ཆེན་པོ་ཞིག་ཡོད་པ་དེར་འཛོམས་ནས་གཉའ་རྩལ་འཐེན་པ་དང་། ཐག་མཆོང་རྒྱག་པ། ཐག་པ་འཐེན་པ་སོགས་ལུས་རྩལ་གྱི་འགྲན་བསྡུར་སྣ་ཚོགས་བྱེད་ཀྱི་ཡོད་ལ། འགྲན་བསྡུར་དེ་ཚོར་སུས་ཀྱང་བྱ་དགའ་གཟེངས་བསྟོད་བྱེད་མཁན་མེད་རུང་། ཚང་མར་མཚན་སྙན་ལ་བརྩོན་པའི་ངར་ཤུགས་འགྲན་ཟླ་བྲལ་བ་ཡོད་ཅིང་། སྐབས་དེ་དུས་རང་ཉིད་དང་བཅས་པའི་བྱིས་པ་ཚོས་ཀྱང་ཕ་མར་ཕྱོགས་ནས་ཕ་མ་ཡོད་སའི་ཐག་མཇུག་ནས་ལྐོག་ཏུ་ཐག་སྣེ་འཐེན་རོགས་བྱེད་མྱོང་ལ། ཡང་མཚན་མོ་ས་རུབ་མ་ཐག་ཕོ་མོ་ཚང་མ་འཛོམས་ཤིང་། གཡུལ་ཐང་དུ་ཕོ་མོ་གཅིག་ལན་གཅིག་རྒྱག་གི་གཞས་ཚིག་ནང་དོན་ལྡན་པའི་སྒོར་གཞས་རྒྱག་གི་ཡོད་ལ། ད་དུང་ཕན་ཚུན་བསྟོད་པའམ་བཤད་པ་འབུལ་བའི་གཞས་ཀྱི་ནང་དོན་མ་རྫོགས་པར་མཚན་གང་སྒོར་གཞས་བརྒྱབ་སྟེ་ཞོགས་པ་ཁྱིམ་ཚང་སོ་སོས་སྒོར་གཞས་རྒྱག་མཁན་ཚོར་ལྟོ་ཆས་ཀྱང་སྐྱེལ་གྱི་ཡོད། གཞས་ཚིག་ཕུན་སུམ་ཚོགས་ཤིང་། གཞས་གདངས་ཤིན་ཏུ་སྙན་པ་དང་འཁྲབ་ལུགས་འཁྲུག་ཆ་ཤིན་ཏུ་དོད་པས་ཞབས་གཞས་ལ་ལྟད་མོ་ལྟ་མཁན་ཁག་གཅིག་ཀྱང་མཚན་གང་གཞས་རར་རྐང་སྟབས་ཡག་པོ་མི་ཤེས་ཀྱང་། ཀྲབ་ཀྲབ་བྱེད་ཀྱིན་སྡོད་པ་ཡང་མཐོང་རྒྱུ་ཡོད།
          སྐབས་དེ་དུས་ང་རང་གི་སྐྱེད་མ་ནི་སྒོར་གཞས་ཀྱི་སྣེ་ཁྲིད་མཁན་ཡིན་འདུག་ལ། མཚན་གང་རེ་སྒོར་གཞས་ལ་དབྱིངས་ཞུགས་ནས་ཕྱི་ཉིན་དེ་ཞབས་ཟུང་གི་བྱིན་པའང་སྐྲང་གི་འདུག་མོད། འོན་ཀྱང་སྙུན་གཞི་དེ་ཙམ་ལ་སྣང་བ་མི་གཏོང་བར་ལོ་གསར་གྱི་སྒོར་གཞས་ནང་ཞུགས་རྒྱུ་བྱུང་བ་དེ་ཡང་རྟེན་འབྲེལ་གྱི་ནང་དོན་ཆེན་པོ་ཞིག་ཏུ་བརྩིས་ཏེ། མཐའ་འཁྱོངས་བྱེད་ཀྱི་འདུག་པས། ད་ཚོད་བྱས་ན་སྒོར་གཞས་ཧུར་བརྩོན་ཅན་ཞིག་ཡིན་པ་བསྙོན་དུ་མེད། ཡང་དགའ་ཉེ་སྤུན་མཆེད་ཚོ་ཕན་ཚུན་སྐུ་མགྲོན་ལ་འབོད་རེས་བྱེད་སྐབས་ཆང་འཐུང་གླུ་གར་ལ་རོལ་ནས་སྣང་བ་གང་སྐྱིད་བྱེད་ཀྱི་ཡོད་པ་དང་། སྐྱིད་སྡུག་གླེང་ནས་སྡོད་ཀྱི་ཡོད་པས་མི་རྒན་པ་ཚོའི་ངོས་ནས་བཤད་ན། བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་མི་ཚེ་དང་ལས་དོན་གྱི་སྐོར་ཕྱོགས་སྡོམ་གནང་བ་དང་ཁྱད་མེད་ལ། ང་ཚོ་ཕྲུ་གུ་ཚོའི་ངོས་ནས་བཤད་ན། ལོ་རེའི་ལོ་གསར་དགའ་སྟོན་ནི་འཆར་དཀའ་བའི་ལོ་གསར་དེ་རང་ཡིན་པས། ཚེས་ཉེར་དགུ་དང་གནམ་གང་ཟེར་བ་དེ་མེད་ན་སྙམ་གྱི་ཡོད་ཅིང་། དེ་ནི་ལོ་གསར་ཚེས་གཅིག་མྱུར་དུ་ཤར་རྒྱུའི་བསམ་འདུན་ཡིན་ལ། ཡང་ལོ་གསར་ཚེས་གཅིག་ནས་ཉིན་མ་རིམ་བགྲོད་ཀྱིས་ལོ་གསར་རྫོགས་ན་སྙམ་པའི་སེམས་ཁྲལ་གྱིས་ཚེས་གསུམ་བཞི་ལྟ་བུ་ཞིག་ཉིས་བརྩེགས་རེད་ཅེས་ན་དགའ་ཚོར་ཆེན་པོ་ཡོང་གི་ཡོད།
          ད་ལོའི་སོ་ནམ་ལོ་གསར་སྐབས།
          འདི་ལོའི་བོད་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ནས། ཁོ་བོར་སྐྱེ་ཡུལ་སྙེ་མོ་ནས་ཁ་པར་ཡང་ཡང་སླེབས་ཤིང་། ནང་དོན་གཙོ་བོ་ནི་ད་ལོ་ཆར་ཆུ་ཤིན་ཏུ་བཟང་པོ་བྱུང་སྟབས། བོད་ཀྱི་ས་གནས་གཞན་དང་འདྲ་བར་ང་ཚོའི་གྲོང་ཚོར་ཡང་ལོ་ལེགས་ཡིན་པས། ལོ་གསར་སྐྱིད་པོ་ཞིག་གཏོང་རྩིས་ཡོད་པས་ཁྱེད་ངེས་པར་དུ་ཕེབས་ཐུབ་པ་གནང་རོགས་ཞེས་པ་དེའོ། དེ་སྔོན་ལྟར་སྐྱེ་ཡུལ་དུ་ཐེངས་གཅིག་བསྐྱོད་རྒྱུའི་སྐད་ཆ་དེས་ཁོ་བོར་བྱིས་པའི་དུས་ལྟར་བོད་ཟླ་བཅུ་གཅིག་པ་འདི་བཞིན་འཁྱོལ་དཀའ་བའི་འཆར་སྣང་བྱུང་། ཁོ་བོས་ན་ནིང་ལྟར་རང་ཉིད་ཀྱིས་རླངས་འཁོར་བཏང་སྟེ་ཁ་ཁུ་སིམ་པའི་གྲོང་གསེབ་ཏུ་སོ་ནམ་ལོ་གསར་གྱི་སྐུ་མགྲོན་ལ་བསྐྱོད་ཅིང་། ཚེས་གཅིག་ཉིན་ཁོ་བོ་སྤུན་མཆེད་ཀྱི་ཁྱིམ་དུ་སླེབས་པ་དེར་སྤུན་མཆེད་ཚོས་ཡིད་མ་རངས་པ་བྱེད་ཀྱི་འདུག་ལ། དེ་གར་ཁྱིམ་མཚེས་ཀྱི་བགྲེས་སོང་ཞིག་ཕེབས་འདུག་པ་དེས།
          ཧེ་ཧེ། ཚེས་གཅིག་མགྲོན་གྱི་གནམ་སྒོ་འཁེལ་བ་རེད་དཱ། ཞེས་གསུངས་ཀྱི་འདུག་ཅིང་། གནམ་སྒོ་འཁེལ་ན་མགྲོན་དུ་བསྐྱོད་མི་རུང་བའི་རྒྱུ་མཚན་དེ་ཁོང་ཚོས་ཤེས་རྗེས་ཚང་མའི་འཁང་ར་བྱེད་ཤུགས་ཆེ་རུ་སོང་བས་ཁ་སྐྱེངས་པོ་ཞིག་བྱུང་།
          ལོ་གསར་སྐབས་ཁོ་བོའི་སར་ཇ་ཆང་འཁྱེར་ནས་འཚམས་འདྲིར་ཡོང་བའི་སྐྱེ་བོ་རྣམས་ཀྱི་བཀའ་མོལ་ནི་ནང་དོན་སྣ་ཚོགས་ཡོད་པ་ཞིག་ཡིན་ཏེ། སྐྱེ་བོ་འགའ་ཡི་ངག་སྒྲོས་ལྟར་ན། ད་ལོ་དབྱར་དུས་སུ་གྲོང་ཚོས་མང་ཚོགས་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་འོང་སྐོར་ལ་དམངས་ཁྲོད་རིག་རྩལ་འཁྲབ་སྟོན་བྱས་པ་དང་ཕྱོགས་མཚུངས་ཐག་འཐེན་དང་། རྡོ་འགྱོགས། རྒྱུག་ཤར་སོགས་ལུས་རྩལ་བྱེད་སྒོ་འཁྲུག་པོ་ཞིག་ཀྱང་སྤེལ་ཡོད་ཚུལ་དང་། ད་དུང་ལྷ་ས་ནས་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་ཞིག་གདན་འདྲེན་ཞུས་ཤིང་། ལྷ་མོ་འཁྲབ་པས་རྒན་རྒོན་ཚོ་ཧ་ཅང་མཉེས་པོ་བྱུང་བའི་སྐོར་ཐོས་བྱུང་བས། སྐབས་དེར་ཁོ་བོའི་སེམས་ལ་མི་རིགས་ཀྱི་སྲོལ་རྒྱུན་བྱེད་སྒོ་དང་ཞབས་གཞས་དང་ལྷ་མོ་དར་སོ་ཆེ་རུ་འགྲོ་བ་དེས། དེ་སྔོན་འོང་སྐོར་སྐབས་དང་ལོ་གསར་སྐབས་མཱ་ཅང་རྒྱན་འགྱེད་ཀྱི་གཡུལ་ལ་ཞུགས་མཁན་ཚོའི་གོ་སྐབས་འཕྲོག་པ་རེད་སྙམ་པའི་དགའ་ཚོར་བྱུང་།
          གྲོང་གསེབ་ཏུ་ཁང་པ་མཐོ་ཤོས་ཀྱང་ཉིས་ཐོག་ཙམ་ཡིན་པས། དགུན་ཉིའི་དྲོ་སྐྱིད་གྲོང་ཁྱེར་ལས་ལྷག་ཅིང་། ཡངས་ཤིང་རྒྱ་ཆེ་བའི་སྒོ་རའི་ནང་དགའ་ཉེ་སྤུན་མཆེད་འཛོམས་ནས་བརྗོད་དོན་སྣ་ཚོགས་པའི་གཏམ་གླེང་གིས་ཉི་མའང་འཁྱུག་ཙམ་ལ་སོང་བའི་སྣང་བ་འདུག དྲིན་ཅན་ཉི་མས་ཕྱི་ཉིན་སླར་ཡང་ཞལ་མཇལ་ཡོང་བའི་འཛུམ་མདངས་སྟོན་བཞིན་ནུབ་རིའི་སྤོར་འཛེགས་པའི་ཚེ། ང་ཚོས་ཁང་པའི་ནང་དཀར་གསལ་གློག་འོད་འོག་རྫོགས་རྒྱུ་མེད་པའི་གླེང་མོལ་བྱས་ཤིང་། སོ་ནམ་ལོ་གསར་ཚར་མ་ཐག་ས་ལུད་འདོན་སྐྱེལ་དང་དཔྱིད་རྨོད་འགོ་ཚུགས་རྒྱུའི་སྐོར་གླེང་། ན་ནིང་ནས་བཟུང་ས་ཞིང་རྒྱ་ཁྱོན་ཆེ་ཆུང་སྣ་ཚོགས་ལ་སྤྱོད་གོ་ཆོད་པའི་འཕྲུལ་ཆས་ཀྱི་ཐོང་གཤོལ་ཞིག་ཞིང་གྲོང་དུ་ཁྱབ་པ་དེས། རྨོན་ཕྱུགས་ལ་བཅིངས་འགྲོལ་ཐོབ་སོང་ཞེས་ཚང་མས་མགྲིན་གཅིག་ཏུ་འཕྲུལ་ཆས་དེར་བསྔགས་བརྗོད་བྱེད་ཀྱི་འདུག་ཅིང་། སྐབས་དེར་ཁོ་བོའི་མིག་ལམ་དུ་རང་ཉིད་ཆུང་ངུའི་དུས་སུ་རྨོན་པ་རྒྱག་རྒྱུ་དེ་རྨོན་མཛོ་དང་དེ་མིན་ན་གཡག དེ་མིན་གླང་གོག་ཡིན་ཞིང་། གླང་གོག་ནི་རྨོན་རོལ་ནང་ཞུགས་རྒྱུར་འཚེར་སྣང་ཤིན་ཏུ་ཆེ་བ་ཞིག་ཡིན་པས། ང་རང་གི་དྲན་གསལ་ལ། གྲོང་མཚེས་ཀྱི་རྨོན་གླང་ཞིག་གིས་རྨོན་རོལ་ནང་གཏན་ནས་འགྲོ་མི་འདོད་པར་ཞིང་སྟེང་དུ་ཉལ་ནས་སྡོད་སྐབས། ཕ་རྒན་འགའ་ཞིག་གིས་སོལ་བའི་ནང་ལྕགས་ལེབ་བསྲེགས་ནས་གླང་གོག་གི་རྐུབ་ལ་འཛུགས་ཀྱི་ཡོད། སྐབས་དེ་དུས་ཞིང་པར་རྨོན་ཕྱུགས་ལ་མ་བརྟེན་པར་ཞིང་ཁ་རྨོ་ཐབས་མེད་པས། དེ་ལྟར་མི་བྱེད་ཀ་མེད་ཡིན་པས་མ་གཏོགས། ཕྱུགས་རིགས་ལ་བཙན་ཐབས་དེ་ལྟ་བུ་སྤྱོད་པ་ནི་དངོས་གནས་དམྱལ་བ་མི་ཡུལ་དུ་མྱོང་བ་རང་མ་རེད་དམ། དཔྱིད་རྨོད་ཀྱི་སྐོར་ལ་འཕྲུལ་ཆས་ཀྱིས་རྨོན་ཕྱུགས་རྣམས་མཇིང་པ་སྣར་མི་དགོས་པའི་གཏམ་བཟང་དེ་དང་ཆབས་ཅིག་ས་ལུད་འདོན་སྐྱེལ་དེ་ཡང་ཞིང་གྲོང་གི་ཛ་དྲག་པའི་ལས་ཀ་ཞིག་ཡིན་ཞིང་། སྔོན་ཆད་བོང་བུའི་སྒལ་པ་རལ་ནའང་འཕྱིང་པ་སོགས་ཀྱི་རྩབ་གདན་བཅུག་སྟེ་མུ་མཐུད་གཞོན་པ་གཉིས་ཀྱི་པང་དུ་ཐེག་ཙམ་གྱི་ལུད་སྒྱེ་དང་ས་སྒྱེ་འགེལ་གྱི་ཡོད་མོད། ད་ཆ་ཞིང་གྲོང་དུ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཡོད་པ་དེས། ཁལ་ཕྱུགས་རྣམས་ལའང་ཡང་གསོས་བྱུང་སྟེ་དཔྱིད་དུས་སུ། ཞིང་ཁའི་སྟེང་དུ་ལག་སྐྱོར་འདྲུད་འཐེན་འཁོར་ལོས་རྨོད་པའི་རོལ་ཤུལ་དུ་རམ་པ་སོགས་བཙལ་འཚོལ་བྱས་ཏེ་བཟས་ནས་སྡོད་རྒྱུ་ཡིན་པའི་སྐོར་ཐོས་པས། དེང་གི་ཆར་ཕྱུགས་རིགས་དེ་རྣམས་ཀྱང་བསོད་ནམས་ཆེ་བ་ཞིག་རེད་སྙམ་པའི་བསམ་བློ་འཁོར་བྱུང་། དེ་མིན་ན་ནིང་ལོ་གསར་སྐབས་ཁོ་བོའི་སྤུན་མཆེད་ཀྱི་ཁྱིམ་དུ་ལྷ་སའི་སྦི་རག་སྒམ་མང་པོ་ཞིག་གྲ་སྒྲིག་བྱས་འདུག་པ་མ་ཟད། ད་དུང་སྦི་རག་ཀྱང་ཤོག་སྒམ་འགའ་ཞིག་འདུག་ཅིང་། ཚོང་རྟགས་མི་འདྲ་བའི་སྦི་རག་དེ་དག་ཉོ་དོན་ནི་མི་ཁག་གཅིག་གིས་ལྷ་སའི་སྦི་རག་འཐུང་གི་མེད་སྟབས་གདམ་ག་བྱེད་ཕྱིར་གྲ་སྒྲིག་བྱས་བཟོ་འདུག འོན་ཀྱང་ད་རེས་ལོ་གསར་སྐབས་སྦི་རག་སྒམ་གཅིག་ཀྱང་མི་འདུག་ཅིང་། ལོ་གསར་སྐབས་ཕེབས་མཁན་དར་གཞོན་ཚང་མས་མཆོད་ཆང་མཆོད་ཀྱི་འདུག འགྱུར་ལྡོག་དེ་ལྟར་ཇི་ལྟར་བྱས་ནས་བྱུང་བ་ཡིན་ནམ། ཁོ་བོས་ཉི་འོད་འོག་བསྡད་དེ་ལྷུན་སྒང་གྲོང་ཚོའི་ཞིང་པ་བཀྲ་རྒྱལ་ལ་སྐད་ཆ་འདྲི་སྐབས། ཞིང་པ་ཚོར་དངུལ་དཀོན་དུ་སོང་ནས་སྦི་རག་མི་འཐུང་བ་ཞིག་མིན་པར། ཁོང་ཚོས་རང་ཉིད་ཀྱིས་བཙོས་པའི་ནས་ཆང་ལྷད་མེད་འདི་རང་བཏུང་བ་བཟང་བའི་བསམ་ཚུལ་བྱུང་སྟེ་མཆོད་ཆང་གནང་བ་ཞིག་ཡིན་པ་དང་། མི་ཁག་གཅིག་ནི་སྦི་རག་མི་འཐུང་རྒྱུ་ཁས་བླངས་ནས་གཙང་བཅད་བྱས་པ་ཞིག་རེད་འདུག ངས་རང་ཉིད་ཀྱི་གམ་དུ་ཡོད་པའི་ཞིང་པ་སྐུ་མགྲོན་ཚེ་རིང་སོགས་ལ་ཐ་མག་གིས་སྣེ་ལེན་ཞུ་སྐབས་ཚང་མས་ཐ་མག་ལ་གཡོལ་ནས་འཐེན་གྱི་མི་འདུག་པས་རང་ཉིད་ཁ་སྐྱེངས་པོ་བྱུང་།
          ཁོ་བོས་སོ་ནམ་ལོ་གསར་ལ་ཉིན་གསུམ་རིང་གྲོང་གསེབ་ཏུ་སྡོད་སྐབས། ཉིན་དང་པོར་མི་རྣམས་ཀྱི་ལྟོ་ལས་ཙམ་མ་གཏོགས་ལས་ཀ་གཞན་གང་ཡང་བྱེད་ཀྱི་མི་འདུག་པ་ནི་སྲོལ་རྒྱུན་ལྟར་ཚེས་གཅིག་རྟེན་འབྲེལ་གྱི་ཉིན་མོར་ལས་ཀ་མི་བྱེད་པ་དེ་ཡིན་མོད། ཚེས་གསུམ་བཞི་ནས་འགོ་བཙུགས་ཏེ་ལོ་གསར་ཡིན་ཡང་ཁྱིམ་ཚང་སོ་སོའི་ནང་མིས་དཔྱིད་ལས་ཀྱི་སོ་ནམ་ཡོ་བྱད་སོགས་གྲ་སྒྲིག་གནང་གི་འདུག་པས། དེ་ནི་དངོས་འབྲེལ་ལོ་གཅིག་དུས་གཅིག་གི་འགག་རྩའི་སོ་ནམ་ལས་དུས་ཀྱི་གཡུལ་སར་ཐོན་གྲབས་བྱེད་པ་ཞིག་ཏུ་སྣང་ངོ་། ལྷག་པར་དུ་གྲོང་ཁྱེར་ལ་མཚོན་ན། དགུང་ལོ་དྲུག་ཅུ་ཡན་གྱི་བགྲེས་སོང་ཚོས་ཉིན་ལྟར་ཞབས་སྐོར་ལ་ཕེབས་རྒྱུའི་དགོངས་པ་ལས་བཞེས་དགོས་ཀྱི་མེད་མོད། འོན་ཀྱང་གྲོང་གསེབ་ཏུ་དགོང་ལོ་བདུན་ཅུ་ལས་བརྒལ་བས་ཀྱང་སོ་ནམ་ལོ་གསར་གྲུབ་རྗེས་དཔྱིད་ལས་གནང་རྒྱུའི་སྐོར་ཁོ་ན་གསུངས་ཀྱི་འདུག་པས། གྲོང་གསེབ་དང་གྲོང་ཁྱེར་གྱི་རྒན་རྒོན་རྣམས་སྐུ་ན་བགྲེས་པ་འདྲ་འདྲ་ཡིན་ཡང་ཁོར་ཡུག་གིས་རྐྱེན་པས་དགོངས་ཚུལ་གཏན་ནས་མི་འདྲ་བར་སྣང་ཞིང་། གྲོང་གསེབ་ཀྱི་བགྲེས་སོང་ཚོ་ནི་ཆོས་ལ་དད་དེ་ཚེ་ཕྱི་མའི་དོན་སྒྲུབ་པའི་དུས་ཁོམ་དཀོན་ནའང་། གང་ལྟར་ཁོང་ཚོས་བསམ་པ་རྣམ་དག་གིས་མི་རབས་རྗེས་མའི་འཚོ་བའི་དོན་དུ་སྐུ་ཚེ་གང་པོར་དཀའ་སྤྱད་ཀྱི་ལས་ལ་འབུངས་བཞིན་པ་ནི་དངོས་གནས་ལས་རྒྱུ་འབྲས་ལ་བལྟོས་ནས་བཤད་ན། བརྣབ་སེམས་གནོད་སྐྱེལ་མེད་ཅིང་། དཀའ་སྤྱད་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པས། དེ་ལྟ་བུ་ནི་ཡང་དག་པའི་མི་ཚེ་སྐྱེལ་ལུགས་ཤིག་རེད་སྙམ་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716