སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲམ་ཐང་ནས“གསུམ་ལྡན་གྲོང་ཚོའི”བར་གྱི་འཕོ་འགྱུར།
སྤེལ་དུས། 2017-04-07   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
—— བོད་ཀྱི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བྱ་ཡུལ་ཐོག་མའི་སྐོར་བཀོད་པ།
          ཆུ་ཤུར་རྫོང་རྟ་དཀར་ཤང་དུ་གནས་པའི་གསུམ་ལྡན་གྲོང་ཚོ་ནི་བོད་ཀྱི་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བྱ་ཡུལ་ཐོག་མ་དེ་ཡིན། གྲོང་ཚོ་གསར་པའི་ནང་ཁྱད་ཆོས་མངོན་གསལ་དོད་ཅིང་ཚར་དུ་དངར་བའི་བོད་བཟོའི་ཁང་པ་གྲལ་སྟར་འགྲིག་པ་དང་ཚང་མའི་སྒོ་འགྲམ་བར་ཨར་འདམ་ལམ་བུ་བཏིང་ཡོད་པ་དང་ཁང་པ་ཚང་མའི་སྟེང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
          ལོ་གཅིག་གི་གོང་ས་ཆ་འདི་ནི་ལྕགས་ལམ་འགྲམ་གྱི་གྲམ་ཐང་ཞིག་ཡིན་མོད། འོན་ཀྱང་གནད་སྨིན་དབུལ་སྐྱོར་གྱི་འཆར་གཞིས་གནས་འདིར་རེ་བ་གསར་པའི་ས་བོན་ཞིག་སྦྲུམ་དུ་བཅུག
          ན་ནིང་ཟླ་3པར་འདོན་འཇུག་འཕྲུལ་འཁོར་དང་། བརྐོ་འདྲུའི་འཕྲུལ་འཁོར། ཨར་འདམ་གཡོས་འཁོར་སོགས་ཨར་ལས་བྱེད་སར་ཚ་ཚ་འུར་འུར་ངང་འོང་། ལས་གྲྭའི་རྩིག་རྨང་འདིང་བ་དང་ས་ཁོད་སྙོམས་པ་ནས་ཚར་དུ་དངར་བའི་ཁང་བཟང་སྟར་པ་རེ་རེ་བསྐྲུན་ཟིན་པའི་བར་ཟླ་3ལས་འགོར་མེད། དེ་ནི་དུད་ཚང་184ཡི་མང་ཚོགས་དབུལ་པོ་712ཀྱི་གནས་སྡོད་བྱ་ཡུལ་གསར་པ་ཡིན་པ་དང་ཁོང་ཚོ་ཡུལ་གཞན་ནས་གནས་སྤོ་བྱས་རྗེས་ཕན་པ་ཐོབ་མཁན་ཐོག་མའི་གྲས་སུ་གྱུར།
          གྲོང་མི་ཉི་མ་ཚེ་རིང་གི་ཁྱིམ་ལ་སྐྱོད་སྐབས་ཚོམས་ཆེན་དུ་བོད་བཟོའི་ཁྱིམ་ཆས་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དང་ལྕོག་ཙེའི་སྟེང་མེ་ཏོག་ལུག་མིག་ཅིག་ཁྲ་ཆིལ་ལེར་བཞད་འདུག ཁོང་ཚང་གི་ཉལ་ཁང་དང་། ཐབ་ཚང་། མཛོད་ཁང་བཅས་ལ་བསྡོམས་ན་སྨི་ངོས་གྲུ་140ལྷག་ཙམ་ཉི་མ་ཚེ་རིང་གིས་ངས་ལོ་ལྟར་ཕྱིར་གླ་པར་བསྐྱོད་ནས་ལོ་ཉི་ཤུ་སུམ་ཅུ་ཙམ་དཀའ་ལས་བརྒྱབ་ནའང་ཁང་པ་ཡག་པོ་དེ་འདྲའི་ནང་སྡོད་ཐུབ་པའི་ངེས་པ་མེད་ཅེས་ཤོད་ཀྱི་ཡོད།
          དབུལ་སྒྲོལ་འགག་སྒྲོལ་བྱེད་པར་འགག་རྩ་ནི་གནད་སྨིན་ཡོང་མིན་ལ་ཐུག་ཡོད། རྟ་དཀར་ཤང་གི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡིས་ཤང་ཡོངས་ཀྱི་དུད་ཚང་311གི་མི་འབོར་དབུལ་པོ་1075ལ་དབུལ་སྐྱོར་ཡིག་ཚགས་ཚོས་གཞི་མི་འདྲ་བ་4བཟོས་ཡོད། རྟ་དཀར་ཤང་གི་ཤང་ཀྲང་མའོ་ཤིང་གིས་གསར་འགོད་པར“ལྗང་ཁུས་དབུལ་སྐྱོར་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་། དམར་པོས་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། སེར་པོས་འགན་ལེན་ལྔའི་དུད་ཚང་། ཟིང་སྐྱས་སྤྱིར་བཏང་གི་དུད་ཚང་དབུལ་པོ་མཚོན་གྱི་ཡོད”ཅེས་བཤད།
          ཆུ་ཕུ་གྲོང་ཚོའི་བཀྲ་ཤིས་རྡོ་རྗེ་ལོ་61ལ་སླེབས་ཟིན་པ་དང་ཚེ་གང་བསགས་བསགས་གྲུང་གྲུང་བྱས་པའི་དངུལ་རྣམས་བུ་མོ་ན་བའི་རྐྱེན་གྱིས་ཡོད་ཚད་སྨན་རིན་ལ་ཤོར། ཁོང་གིས“བུ་མོའི་ན་ཚ་བཅོས་ཆེད་ཁང་པ་གཅིག་པུ་དེའང་བཙོངས་པ་མ་ཟད། ད་དུང་ནོར་ལུག་ཡང་བཙོངས་པས་ས་ཞིང་མུའུ་འགའ་ཤས་ལས་ལྷག་མེད”ཅེས་བཤད་པ་དང་ད་ཆ་ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་བས་ཁོང་ལ་རྟག་ཏུ་དེ་ནི་རྨི་ལམ་ཡིན་པའི་འཕྲུལ་སྣང་ཞིག་ཡོང་གི་ཡོད།
          ཚ་རགས་ཤང་ས་སྨད་གྲོང་ཚོའི་བུ་ཆུང་གི་ཁང་པ་སྔོན་མ་རི་འདབས་སུ་ཡོད་པ་དང་རི་ཞིང་བཏབ་ནས་འཚོ་བ་འཁྱོལ་ཐབས་བྱེད་པས་འཚོ་བ་དེ་འདྲའི་ཡག་རྒྱུ་ཞིག་མེད། ཁོང་གིས“ཡུལ་འདིའི་ཐོན་ཁུངས་ཀྱིས་ནང་མི་རྣམས་འཚོ་བ་འཁྱོལ་ཐབས་བྲལ་བས་གནས་སྤོས་ན་མ་གཏོགས་འཚོ་བ་གང་འདྲ་བྱས་ཏེ་སྐྱེལ་དགོས་སམ”ཞེས་ཤོད་ཀྱི་ཡོད།
          “དབུལ་ཚང”ནས་སྤོས་རྗེས“དབུལ་རྩ”ཇི་ལྟར་བྱས་ཏེ་མེད་པ་བཟོ་དགོས་སམ་ཞེ་ན། ཉི་མ་ཚེ་རིང་ལ་ཁང་པ་གསར་པར་སྤོས་རྗེས་ལམ་སེང་ཐབས་ཤེས་རྙེད། ཆུ་ཤུར་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གསར་པའི་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྱོང་ལ་བརྟེན་ནས་གནས་སྤོ་བྱ་ཡུལ་དུ་གནས་སྡོད་ཁུལ་དང་། འཚོ་བའི་ཁུལ། ཚོང་ལས་ཁུལ། ཐོན་ལས་ཁུལ་བཅས་ཕྱེ་སྟེ་བཞོན་མ་དང་བོད་བྱ་གསོ་ཚགས་དང་སྨན་རྒྱུ་འདེབས་འཛུགས་སོགས་ཀྱི་ཐོན་ལས་བཀོད་སྒྲིག་བྱས་པ་དང་ཚོང་ཁང་བརྒྱབ་སྟེ་གནས་སྤོ་བྱས་པའི་མང་ཚོགས་ལ་ལས་ཀ་ཡོད་པ་དང་ཕྱུག་པོ་ཆགས་ཐུབ་པ་བྱས་ཡོད།
          ད་ཆ་ལོ་33ལ་སླེབས་པའི་ཉི་མ་ཚེ་རིང་གནས་སྐབས་གྲོང་ཚོའི་ཏང་ཀྲི་པུའི་ཨུ་ཡོན་ལ་བདམས་པས། བཞོན་མ་གསོ་ཚགས་མཉམ་ལས་ཁང་གི་དོ་དམ་བྱེད་འགན་འཁུར་མུས་ཡིན་ཞིང་། ཁོང་གིས་མང་ཚོགས་83མཉམ་ལས་ཁང་ལ་ལས་ཞུགས་ཐུབ་པས་གཏན་འཇགས་ཀྱི་ཡོང་འབབ་ཡོད། ལོ་མཇུག་ཏུ་སླེབས་སྐབས་མཉམ་ལས་ཁང་གི་ཚོང་གཉེར་ཡོང་འབབ་ཀྱི་ཁེ་བཟང་གྲོང་མི་ཚང་མར་བགོ་བཤའ་རྒྱག་གི་ཡོད་པས་མི་མི་རེ་ངོ་རེར་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད་ཅེས་བཤད།
          རང་ཡུལ་དུ་ལས་ཀ་བྱེད་པ་ཕུད། གྲོང་མི་ཚོས་གསོ་སྦྱོང་ནང་ཞུགས་རྗེས་རྫོང་གྲོང་ངམ་ཡང་ན་ལྷ་སའི་ཚོང་ཁང་། སྨན་ཁང་། ཁེ་ལས་སོགས་སུ་གཙང་སྦྲ་བྱེད་མཁན་དང་། བྲིན་ཚོང་བ། ཁ་ལོ་བ། བདེ་སྲུང་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།
          མང་ཚོགས་མི་ཉུང་བ་ཞིག་ནད་གཞིའི་རྐྱེན་གྱིས་དབུལ་པོར་གྱུར་པའི་གནད་དོན་ལ་དམིགས་ཏེ་གསུམ་ལྡན་གྲོང་ཚོས་སྨན་བཅོས་དང་། སྔོན་འགོག འཕྲོད་སྦྱོར་བཅས་གཅིག་ཏུ་འདུས་པའི་འཕྲོད་བསྟེན་ཁང་ཞིག་བསྐྲུན་ཏེ་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ཆས་བསྒར་བ་དང་སྨན་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་པ་དཀའ་བཅུ་པ་དུས་བཀག་ནང་ནད་ལྟ་བར་གདན་འདྲེན་གྱི་ཡོད། འཕྲོད་བསྟེན་ཁང་གི་སྨན་པ་མོན་ཏན་རུའེ་ཡིས་འཕྲོད་བསྟེན་ཁང་དུ་དྲ་སྦྲེལ་སྨན་བཅོས་ལས་སྟེགས་བརྒྱུད་ནད་གཞི་ལྕི་གྲས་དང་བཅོས་དཀའ་བའི་ནད་ཕོག་པའི་ནད་པར་རྒྱང་འཁྲིད་ལྷན་འཛོམས་ནད་དཔྱད་བྱེད་ཆོག་ཅེས་བཤད།
          གཞན་ཡང་གསུམ་ལྡན་གྲོང་ཚོའི་གྲོང་མི་ཚང་མ་སྨན་བཅོས་འགན་བཅོལ་ནང་ཞུགས་ཡོད་པས། སྨན་ཁང་གང་དུ་སྨན་བཅོས་བྱས་རུང་། སྨན་རིན་ཚང་མ་བསྡུར་གྲངས་གཞིར་བཟུང་རྩིས་ཞུ་བྱེད་ཆོག ཉི་མ་ཚེ་རིང་གིས་ན་ནིང་སྲུ་མོར་སྨན་རིན་སྒོར་ཁྲི་6ལྷག་ཙམ་ཕྱིན་པ་ཚང་མ་རྩིས་ཞུ་བྱེད་ཐུབ་བྱུང་ཞེས་བཤད།
          ད་ཆ་སྡོད་སའི་ཁང་པ་ཡོད་པ་དང་། ལས་བརྩོན་ཅན་ལ་ལས་རྒྱུ་ཡོད་པ། ནད་པར་སྨན་བཅོས་ཐུབ་པ། ལས་ཀར་ཐོབ་ཆ་ཡོད། ཉི་མ་ཚེ་རིང་གིས“ང་ཚུད་པའི་གྲོང་ཚོའི་མི་ཚང་མ་དབུལ་སྒྲོལ་ཐུབ་པས། ང་ཚོས་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།
          ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཧའེ་ཡུན་གྱིས་ལྷ་ས་གྲོང་ཁྱེར་གྱིས་གསུམ་ལྡན་གྲོང་ཚོ་སྐྲུན་རིང་། གནས་སྤོས་དང་ལས་ཞུགས་ལ་མཉམ་དུ་སྐུལ་མ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁེ་ལས་དང་། ཕྱུག་འགྱུར་འཇོན་ཐང་ཅན། མཉམ་ལས་ཁང་བཅས་དང་དུད་ཚང་དབུལ་པོའི་ཁེ་ཕན་མཉམ་སྒུལ་གྱི་ལམ་སྲོལ་ཧུར་ཐག་བཏོད་དེ“གཞན་བརྟེན”དང“རང་བརྟེན”ཟུང་འབྲེལ་ནུས་ལྡན་བྱས་ནས་ཡུལ་གཞན་དུ་གནས་སྤོའི་དབུལ་སྐྱོར་བྱེད་སྟངས་གསར་པ་ཞིག་གསར་གཏོད་བྱས་ཡོད་ཅེས་བཤད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716