སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མྱང་ཆུ་གཙང་འགྲམ་གྱི་གནའ་དེང་གི་འགྱུར་ལྡོག
སྤེལ་དུས། 2017-04-21   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།

—— པ་སྣམ་རྫོང་བན་ཚང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བགྲེས་སོང་སྤེན་པ་དོན་གྲུབ་ཀྱི་ཚལ་འདེབས་ལོ་རྒྱུས་བཀོད་པ། (སྟོད་ཆ)

          གྲོང་མི་བསྟན་འཛིན་གྱིས་བཏབ་པའི་ཧོང་ཀྭ་ལ་ནད་འབུ་ཐོན་པས་བན་ཚང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྤེན་པ་དོན་གྲུབ(གཡོན)ཀྱིས་ཇི་ལྟར་བྱས་ཏེ་ནད་འབུ་མེད་པ་བཟོ་རྒྱུར་ཁྲིད་སྟོན་བྱེད་པར་ཡོང་ཡོད།

           1998ལོར་པ་སྣམ་རྫོང་གིས་ཧྲན་ཏུང་གི་བོད་སྐྱོར་གོ་སྐབས་ལ་བརྟེན་ནས་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཡུལ་བབ་དང་བསྟུན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད། ལོ་20ཡི་རིང་པ་སྣམ་གྱི་སྔོ་ཚལ་ཐོན་ལས་དེ་དཀའ་སྤྱད་སྙིང་རུས་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྣོད་བཅུད་ཅན་བཅས་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་པས་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

           འདི་ནི་བསམ་བློར་འགྱུར་ལྡོག་བྱུང་བའི་ལོ་20ཡིན་པ་སྟེ། གཞན་སྐུལ་ནས་རང་འགུལ་བར་དང་། འདེབས་མི་འདོད་པ་ནས་ཧུར་ཐག་འདེབས་པའི་བར། འདེབས་མི་ཤེས་པ་ནས་ཁྱིམ་ཚང་ཀུན་གྱིས་འདེབས་པའི་བར་བཅས་པ་སྣམ་བའི་བསམ་བློར་ཟམ་མི་ཆད་པར་འགྱུར་ལྡོག་དང་འདུ་ཤེས་གསར་བརྗེས་བྱུང་ནས་མྱང་ཆུ་གཙང་འགྲམ་དུ་བསམ་བློར་བཅིངས་འགྲོལ་ཐོབ་པའི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།

          འདི་ནི་ཞུན་བརྡར་འབད་འབུངས་བྱེད་པའི་ལོ་20ཡིན་པ་སྟེ། མེད་པ་ནས་ཡོད་པའི་བར་དང་། ཉུང་ཤས་ནས་མང་པོའི་བར། ཆུ་ཚད་དམའ་བ་ནས་རིག་ནུས་ཅན་བར་པ་སྣམ་བས་དཀའ་ངལ་དང་འགལ་རྐྱེན་མཐའ་དག་བསལ་ནས་ངལ་བ་ཁྱད་བསད་དང་འདེབས་འཛུགས་ཧུར་ཐག་བྱས་པས་སྔོ་ཚལ་ཐོན་ལས་ས་མཐོའི་མཐོ་གྲང་ས་ཁུལ་དུ་དར་ཁྱབ་བྱུང་ཡོད།

          འདི་ནི་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་ལོ་20ཡིན་པ་སྟེ། 2016ལོར་པ་སྣམ་དུ་སྔོ་ཚལ་དྲོད་ཁང་ཆེ་མོ་5428ཟིན་པ་དང་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་1628ཟིན་པ་དེ་རྫོང་དེ་ཡོངས་ཀྱི་འདེབས་འཛུགས་ཆོག་པའི་རྒྱ་ཁྱོན་གྱི་1.28%ལས་བཟུང་མེད་ཀྱང་དཔལ་འབྱོར་ཡོང་འབབ་ཞིང་འབྲོག་ལས་བསྡོམས་འབོར་གྱི་41%ཡན་བཟུང་བས་ཕྱུག་པོ་ཆགས་པའི་མང་ཚོགས་ཀྱིས་རང་འགུལ་ངང་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱེད་ཀྱི་ཡོད།

          ཟླ་3པར་གསར་འགོད་པས་དུད་ཚང་48དང་མི་གྲངས་364ཡོད་པའི་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་སྐྱོད་དེ་པ་སྣམ་རྫོང་གི་སྔོ་ཚལ་དྲོད་ཁང་ཆེ་མོ་འཕེལ་རྒྱས་གཏོང་མཁན་གྱི་གྲོང་ཚོ་ཆུང་ངུ་ཨང་དང་པོ་དེར་བཅར་འདྲི་བྱས་ནས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔོ་ཚལ་བཏབ་ནས་ཕྱུག་པོ་ཆགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཉན་པ་དང་ལོ་20ཡི་རིང་དཀའ་སྤྱད་འབད་བརྩོན་བྱས་ནས་པ་སྣམ་གྱི་སྔོ་ཚལ་ཐོན་ལས་གོང་འཕེལ་ཕྱིན་པའི་ངོ་མཚར་ཉན་པ་ཡིན།

          “འདེབས་འཛུགས་བྱེད་མི་འདོད་པ”ནས“ཧུར་ཐག་འདེབས་པའི”བར།

          ཟླ་3ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཉི་མ་ཤར་མ་ཐག་བན་ཚང་གྲོང་ཚོའི་བྱང་ངོས་ཀྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་རྟེན་གཞིར་ལོ་69ལ་སླེབས་པའི་སྤེན་པ་དོན་གྲུབ་ཀྱིས་རང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེ་མོ་3གྱི་གུར་ཁེབས་བཤུས་པ་དང་། དུས་མཚུངས་ཡུལ་མི་གཞན་གྱིས་ཀྱང་དྲོད་ཁང་ཆེ་མོའི་ཁེབས་བཤུས་ནས་ཉི་འོད་ཕོག་པ་བྱས།

          ཉིན་དགུང་ཙམ་ལ་སླེབས་སྐབས་ཡུལ་མི་ཚོས་རླུང་འགྲོ་ས་ཁ་ཕྱེ་སྟེ་དྲོད་ཁང་ཆེ་མོའི་དྲོད་ཚད་དམའ་རུ་བཏང་བ་དང་། དགོང་མོར་སླར་ཡང་ཁེབས་གཡོག་ནས་དྲོད་ཁང་གི་དྲོད་ཚད་སྲུང་གི་ཡོད་པ་རེད།

          འདི་ནི་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་སྤེན་པ་དོན་གྲུབ་ཀྱི་ལོ་མང་གི་འཚོ་བའི་གོམས་གཤིས་དང་། ཉིན་ལྟར་སྒྲུབ་པའི་ལས་ཀ བན་ཚང་གྲོང་ཚོའི་ཡུལ་མིའི་རང་རྟོགས་བྱ་སྤྱོད་བཅས་ཡིན་པས་གངས་དང་ཆར་པ་བབས་པའི་སྐབས་ཕུད་ཉིན་ལྟར་དེ་ལྟར་རྒྱུན་བསྲིངས་ནས་སྒྲུབ་ཀྱི་ཡོད་པ་རེད། གོམས་གཤིས་འདི་འཇགས་པར་བན་ཚང་གྲོང་ཚོའི་ཡུལ་མི་ཚོས་ལོ་20སྤྱད་ཡོད།

          ལོ་20འདས་ཟིན་ཡང་ཧྲན་ཏུང་ནས་ཡོང་བའི་ལག་རྩལ་མི་སྣ་ཀྲང་ཅི་མིང་གིས་བན་ཚང་གྲོང་ཚོའི་ཡུལ་མི་ཚོར་སྔོ་རྩལ་འདེབས་འཛུགས་ཇི་ལྟར་བྱེད་དགོས་པའི་བློ་སྒོ་ཕྱེ་བ་སྤེན་པ་དོན་གྲུབ་ཀྱིས་དུས་ད་ལྟའང་བློ་ལ་གསལ་པོར་ངེས་ཀྱི་ཡོད།

          “ང་ཚོ་ཕ་ཚ་བུ་རྒྱུད་ཚང་མས་སྔོ་ཚལ་འདེབས་མྱོང་མེད་པས་ང་ཚོར་སྔོ་ཚལ་འདེབས་བཅུག་དགོས་དོན་གང་ཡིན”ཞེས་ཡུལ་མི་ཚོས་མི་འདོད་པའི་སྒོ་ནས་བཤད།

          “ང་ཚོའི་གྲོང་ཚོ་དབུལ་བས་གལ་སྲིད་ཚལ་བཏབ་ཚེ་དབུལ་པོའི་རྩ་བ་དྲུང་ནས་བཅད་དེ་ཚང་མ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ”ཅེས་ཀྲང་ཅི་མིང་གིས་བཤད།

          “གལ་སྲིད་ནས་བཏབ་རྒྱུ་ཉུང་ཚེ་རྗེས་སུ་ནོར་ལུག་གི་གཟན་ཆག་གང་ནས་ལེན་དགོས་སམ”ཞེས་གྲོང་མིས་སྐད་ཆ་འདྲི་སྐབས།

          “ཚལ་བཙོངས་པའི་དངུལ་གྱིས་གཟན་ཆག་ཉོ་ཐུབ་པ་མ་ཟད། ད་དུང་ཚལ་རྣམས་རང་ཉིད་ཀྱིས་བཟས་ནའང་འགྲིག”ཅེས་ཀྲང་ཅི་མིང་གིས་འགྲེལ་བཤད་བརྒྱབ།

          “ཚལ་བཏབ་ཚེ་དངོས་འབྲེལ་ཡོང་འབབ་གསོག་ཐུབ་བམ”ཞེས་གྲོང་མིས་སླར་ཡང་སྐད་ཆ་འདྲི་སྐབས།

          “ཡིན་ད་ཡིན། ཧྲན་ཏུང་བ་མང་པོ་ཞིག་གིས་ཚལ་བཏབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ་ངས་དངོས་སུ་མཐོང་མྱོང་ཡོད”ཅེས་ཀྲང་ཅི་མིང་གིས་དགོད་འཚེར་འཚེར་ངང་བཤད།

          སྟབས་བདེའི་དྲི་བ་དྲིས་ལན་དེ་ལས་པ་སྣམ་གྱི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་འགོ་ཚུགས་པ་དང་བན་ཚང་བའི་བསམ་བློ་བཅིངས་འགྲོལ་གཏོང་བའི་རོལ་མོ་དཀྲོལ་ཏེ་བན་ཚང་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུར་སྐྱོད་པའི་སྒོ་མོ་ཕྱེ་ཡོད།

          འོན་ཀྱང་། སྐབས་དེ་དུས་མང་ཚོགས་ཀྱི་རྙིང་ཞེན་བག་འཁུམས་ཀྱི་བསམ་བློའི་འཆིང་རྒྱ་དེ་སྐད་ཆ་ཚིག་རེ་གཉིས་ཀྱིས་བཀྲོལ་མི་ཐུབ་ལ། རྗེས་ལུས་ཀྱི་བསམ་བློས་གྲོང་མི་ཚོ་སྔར་བཞིན་སྲོལ་རྒྱུན་གྱི་འདེབས་འཛུགས་བྱེད་སྟངས་ལ་འགྱུར་བ་གཏོང་འདོད་མེད་སྟབས། གང་འདྲ་བྱས་ན་དགའམ།

          ཧྲན་ཏུང་གི་ཁག་གཉིས་པའི་བོད་སྐྱོར་ལས་བྱེད་པ་པ་སྣམ་རྫོང་གི་རྫོང་ཨུད་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ཧྲི་དབུན་ཅིན་སེམས་པ་ཤིན་ཏུ་འཚབ། མང་ཚོགས་ཚོས་ཚལ་འདེབས་ཆེད་ཁོང་གིས་རྫོང་དང་ཤང་གི་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ངང་རྒྱུད་རིང་པོས་ཚང་མར་བསམ་བློའི་སློབ་གསོ་བརྒྱབ།

          “1998ལོར་ང་ཚོ་པ་སྣམ་རྫོང་གི་འབྲུ་རིགས་ཐོན་སྐྱེད་ལ་ལོ་10བསྟུད་མར་ལོ་ལེགས་བྱུང་རུང་ཞིང་ལས་ཐོན་ཟོག་གི་གྲུབ་ཆ་རྐྱང་པ་ཡིན་པ་དང་ནས་ཀྱི་རིན་གོང་ཁེ་བས་མང་ཚོགས་ཀྱི་འབབ་འཕར་དགོས་མཁོ་སྐོང་ཐུབ་ཀྱི་མེད་སྟབས། 1998ལོར་རྫོང་གིས་ཞིང་འབྲོག་ལས་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་གཏན་འབེབས་བྱས་པ་དེའི་མིགས་ཡུལ་ནི་ཚང་མ་ཕྱུག་འགྱུར་ཡོང་ཆེད་ཡིན། པ་སྣམ་རྫོང་ལ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཆ་རྐྱེན་དང་། ས་རྒྱུ་ལེགས་པ། ཆུ་སྤུས་ལེགས་པ། འགྲིམ་འགྲུལ་སྟབས་བདེ་བའི་ཁར་ད་དུང་ཞིང་ཆེན་ལམ་204ཡི་རྒྱུད་དུ་གནས་པ་དང་གཞིས་རྩེ་དང་རྒྱལ་རྩེ་དང་ཐག་ཉེ་བས་ཚལ་འདེབས་པའི་རྨང་གཞི་ཡག་པོ་ཡོད་སྟབས་སྔོ་ཚལ་འདེབས་འཛུགས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད”

          རྫོང་ཨུད་ཧྲུའུ་ཅི་ཧྲི་དབུན་ཅིན་གྱི་སྐད་ཆ་དུམ་བུ་དེ་ཉན་རྗེས་སྤེན་པ་དོན་གྲུབ་ལ་བན་ཚང་བར་སྔར་བྱུང་མྱོང་མེད་པའི་གསར་དར་ཐོན་ལས་ཤིག་པ་སྣམ་རྫོང་དུ་དར་འགོ་ཚུགས་རྒྱུ་ཡིན་ཞིང་། བན་ཚང་བས་གོ་སྐབས་དེ་དམ་འཛིན་གྱིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ཚེ་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་ཚོར་སྣང་དྲག་པོ་ཞིག་བྱུང་།

          གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་སྤེན་པ་དོན་གྲུབ་ཀྱིས་དུད་ཚང་རེ་རེར་བསྐྱོད་དེ་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་ལས་ཀའི་སྐོར་གླེང་མོད། འོན་ཀྱང་གྲོང་མི་ཚོས་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་ལྟ་ཞོག་ཐ་ན་མི་ཁག་གཅིག་གིས་གནོད་སྐྱེལ་གྱི་ཡོད། ཐེངས་ཤིག་ཁོང་གྲོང་མིའི་ཁྱིམ་དུ་བསམ་བློའི་སློབ་གསོ་རྒྱག་སྐབས་གྲོང་མི་ཁག་གཅིག་གིས་ཟིང་བརྒྱབ་པ་དང་བསྟུན་ནས་ཁོང་གི་སྒལ་པར་རྡོ་བཞུས་པས་ན་ཟུག་དྲག་པོ་བཏང་། གྲོང་མི་ཚོས“རྩམ་པ་ཟ་རྒྱུ་ཡོད་པ་མ་ཟད། ཚགས་ཤ་དང་ལུག་ཤ་ཡང་ཟ་རྒྱུ་ཡོད་པས་ཚལ་འདེབས་པའི་དགོས་པ་མི་འདུག”ཅེས་བཤད།

          འོན་ཀྱང་སྤེན་པ་དོན་གྲུབ་ཀྱིས་མཚམས་མ་བཞག་པར། “རྡོ་བཞུས་རུང་ཚལ་ངེས་པར་དུ་འདེབས་དགོས”ཞེས་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མིར་བསམ་བློའི་སློབ་གསོ་ཡང་ཡང་བརྒྱབ་ཁར་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མི་ཁག་དབྱེ་ནས་གྲོང་མིར་བསམ་བློའི་སློབ་གསོ་རྒྱག་པར་བཏང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཐར་གྲོང་མི་ཚོས་རྫོང་སྔོ་ཚལ་ཀུང་སིའི་ཧྲན་ཏུང་ལག་རྩལ་མི་སྣའི་དཔེ་སྟོན་དྲོད་ཁང་ནང་ཚལ་འདེབས་ལག་རྩལ་སྦྱོང་རྒྱུའི་ཁས་བླངས།

          2011ལོར་རྫོང་གིས་བན་ཚང་གྲོང་ཚོར་སྔོ་ཚལ་དྲོད་ཁང་70བསྐྲུན་རྒྱུའི་རྨང་གཞིའི་ཐོག་སྔོ་ཚལ་འདེབས་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་འགོད་བྱས། བྱེད་ཐབས་དེ་མ་གཞི་བྱས་ན་མང་ཚོགས་ལ་ཡོང་འབབ་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་ཞིག་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་གྲོང་མི་ཚོས“སྔོ་ཚལ་ཁོ་ན་བཏབ་ན་རྗེས་སུ་ང་ཚོ་རྩམ་པ་ཟ་དགོས་མེད་དམ”ཞེས་ངོ་རྒོལ་ཆེན་པོ་བྱས།

          མང་ཚོགས་ཀྱི་དོགས་གཞི་སེལ་ཆེད་སྤེན་པ་དོན་གྲུབ་ཀྱིས་ཚང་མར“ང་ཚོས་ནས་འདེབས་དགོས་པ་མ་ཟད་སྔོ་ཚལ་ཡང་འདེབས་དགོས། ནས་ཀྱིས་ཟ་འབྲུ་བྱེད་པ་དང་སྔོ་ཚལ་བཙོངས་ནས་ཡོང་འབབ་རག་ཐབས་བྱེད་དགོས། ང་ཚོས་ཚལ་ཡག་པོ་བཏབ་ཚེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ”ཅེས་ཁོང་ཚོར་གོ་སྐོན་བློ་འགུག་བྱས་པས་མང་ཚོགས་ཀྱི་སེམས་གཞི་ནས་ལྷོད་ལ་བབས།

          མང་ཚོགས་སྔར་བས་མང་བ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། ཧྲན་ཏུང་གི་ཁག་གསུམ་པའི་བོད་སྐྱོར་ལས་བྱེད་པས་མ་དངུལ་བརྩོན་ལེན་གྱིས་དཔའ་རྩལ་ཤང་དུ་སྔོ་ཚལ་དྲོད་ཁང་བསྐྲུན་ནས་ནང་སའི་ལག་རྩལ་མི་སྣ་གདན་དྲངས་ཏེ་བོད་དུ་དྲོད་ཁང་འགན་གཙང་བླངས་ནས་ཁྲོམ་ར་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུའི་གྲ་སྒྲིག་བྱས་མོད། འོན་ཀྱང་གྲོང་མི་ཚོས་ངོ་རྒོལ་ཆེན་པོ་བྱས་ནས་དྲོད་ཁང་བཤིག་པ་དང་ལག་རྩལ་མི་སྣ་ཡང་ཕྱིར་ལོག་བྱེད་དགོས་བྱུང་།

          ཡང་བསྐྱར་དྲོད་ཁང་བསྐྲུན་ནས་སྔོ་ཚལ་འདེབས་དགོས་སམ། པ་སྣམ་གྱི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བར་སླར་ཡང་དཀའ་ངལ་ཆེན་པོ་འཕྲད།

          དཀའ་ཚེགས་ཆེ་བའི་གནས་ཚུལ་འོག་ཅི་ནན་བོད་སྐྱོར་ལས་བྱེད་པས་ཅི་ནན་གྲོང་ཨུད་འགོ་ཁྲིད་ལ་ཡི་གེ་ཞིག་བྲིས་པའི་ནང་སྔོ་ཚལ་འདེབས་རྒྱུ་དེ་པ་སྣམ་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེ་བ་དང་དགོས་ངེས་ཡིན་ལུགས་རྒྱས་བཤད་བྱས། ཅི་ནན་གྲོང་ཨུད་ཀྱིས་པ་སྣམ་རྫོང་དུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་སྟེ་དེ་སྔའི་ལམ་བུ་རྒྱུན་འཁྱོངས་བྱེད་དགོས་པའི་གཏན་འབེབས་བྱས།

          ལོ་20སོང་རུང་སྐབས་དེ་དུས་ཀྱི་ཐབས་ཇུས་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཐོག་གསལ་པོར་བཀོད་ཡོད་ལ། ལམ་བུ་གསར་རྐྱང་ཞིག་སྟེང་གི་དཀའ་ཚེགས་དང་ཀྱག་ཀྱོག་དང་ཕམ་ཉེས་རེ་རེ་བརྒྱུད་པ་སྣམ་སྔོ་ཚལ་ཐོན་ལས་ལ་མཐར་འཕེལ་རྒྱས་ཀྱི་དཔྱིད་ཀ་ཞིག་བསུས་པ་ཡང་འཁོད་ཡོད།

          1998ལོ་ནས་བཟུང་། བན་ཚང་བ་ཚོས་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་སྤེན་པ་དོན་གྲུབ་ཀྱི་སྣེ་ཁྲིད་འོག དཀའ་སྤྱད་ཀྱི་ལས་གཏོད་བྱེད་འགོ་ཚུགས། བགྲང་བྱ་3རྗེས་ཀྱི་2001ལོར་བན་ཚང་སྔོ་ཚལ་དྲོད་ཁང་ཆེ་མོ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་ནས་དྲོད་ཁང་70ཟིན་ཡོད།

          1998ལོ་ནས་བཟུང་། སྤེན་པ་དོན་གྲུབ་ཀྱིས་ཚད་ལྡན་སྒོ་ནས་སྔོ་ཚལ་འདེབས་རྩལ་སྦྱོང་འགོ་བཙུགས་པ་མ་ཟད། རང་བདག་སྔོ་ཚལ་དྲོད་ཁང་ཆེ་མོ་2བྱུང་ནས་པ་སྣམ་གྱི་དྲོད་ཁང་ལ་བརྟེན་ནས་ཡོང་འབབ་གསོག་མཁན་དང་པོར་གྱུར།

          བགྲང་བྱ་20ནི་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། བགྲང་བྱ་20རིང་གི་ཏང་གི་དམངས་ཕན་སྲིད་ཇུས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བན་ཚང་གི་ལོ་རྒྱུས་ལ་འཕོ་འགྱུར་བྱུང་བ་མ་ཟད། བན་ཚང་བ་ཚོའི་ལས་དབང་ལ་ཡང་འགྱུར་ལྡོག་བཏང་ཡོད། སྔོ་ཚལ་བཏབ་པ་ལས་ཕན་འབྲས་ཆེན་པོ་ཐོན་པ་མཐོང་རྗེས་བན་ཚང་བ་ཚོའི་བསམ་བློའི་ལྟ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཕྱིན།

          དེ་སྔོན་བསྟན་འཛིན་ཕྱི་ལ་གླ་པ་རྒྱུག་པར་ལོ་རེར་ཡོང་འབབ་སྒོར་3000ནས་སྒོར་4000ཙམ་ལས་མེད་མོད། འོན་ཀྱང་ཁོ་པ་ཁྱིམ་དུ་ལོག་ནས་སྔོ་ཚལ་འདེབས་འདོད་བྱེད་ཀྱི་མེད། ཁོ་པས་ཁྱིམ་དུ་སྔོ་ཚལ་འདེབས་པ་ལས་འབྲུ་བཏབ་ན་ཡག་པའི་ངོས་འཛིན་བྱེད་ཀྱི་ཡོད། སྤེན་པ་དོན་གྲུབ་ཀྱིས་རང་ཉིད་དང་གྲོང་མི་ཚོ་སྔོ་ཚལ་བཏབ་ནས་ཕྱུག་འགྱུར་བྱུང་ཚུལ་དཔེར་བཞག་སྟེ་ཁོ་པའི་བློ་སྒོ་ཕྱེ་བ་དང་ལྟ་བར་འགྱུར་བ་བཏང་ནས་ཁྱིམ་དུ་སྔོ་ཚལ་འདེབས་པར་ལོག་རྒྱུའི་ཁྲིད་སྟོན་བྱས། ཁོང་གིས་གོ་སྐོན་བློ་འགུག་བྱས་པ་བརྒྱུད། 2004ལོར་བསྟན་འཛིན་གྱིས་དྲོད་ཁང་ཆེ་མོ་2ལ་ཚལ་བཏབ་པར་ཡོང་འབབ་སྒོར་ཁྲི་1.6བྱུང་ནས་ཁྱིམ་གྱི་ལོའི་ཡོང་འབབ་ཀྱང་སྒོར་ཁྲི་3ཟིན་ཏེ་2016ལོར་དབུལ་སྒྲོལ་བྱུང་བ་རེད།

          “རྙིང་གྲས་གསུམ”ནས་སྣ་ཁ་གསར་པའི་བར།

          ཞོགས་པ་སྔ་པོ་ནས་སྤེན་པ་དོན་གྲུབ་བྲེལ་འཚུབ་ངང་ཇ་བསྲུབས་མ་ཧུབ་གང་བཏུང་པ་དང་རྩམ་པ་ཕྲན་ཙམ་ཟས་རྗེས་རང་ཁྱིམ་གྱི་ཞིང་སྤྱོད་འཕྲུལ་ཆས་བཀོལ་ནས་སེར་པོར་གྱུར་པའི་ཀྲོ་མ་ཀྲུའི་ལོ་མ་ཞིག་འཁྱེར་ཏེ་ལམ་ཐག་སྤྱི་ལེ་12སར་གནས་པའི་པ་སྣམ་རྫོང་ལྗང་མདོག་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལག་རྩལ་པ་ཀྲང་ལགས་བཙལ་ནས་ཀྲོ་མ་ཀྲུའི་གནོད་འབུའི་གནད་དོན་སྐད་ཆ་འདྲི་བར་ཡོང་།

          “རྒན་ཀྲང་ལགས། ཀྲོ་མ་ཀྲུའི་ལོ་མ་སེར་པོ་ཆགས་པ་དང་རྙིད་པའི་རྒྱུ་རྐྱེན་ཅི་ཡིན་ནམ། དེ་སྔོན་ངས་མཐོང་མྱོང་མེད”ཅེས་སྤེན་པ་དོན་གྲུབ་ཀྱིས་འཕྲུལ་འཁོར་ལས་བབས་མ་ཐག་ཀྲོ་མ་ཀྲུའི་ལོ་མ་འཁྱེར་ནས་ཅུང་ནག་པའི་ངོ་གདོང་ཐོག་གི་གཉེར་མ་ཟུམ་ཟུམ་གྱིས་རྒན་ཀྲང་ལགས་ལ་བཤད།

          “འདི་ནི་ཀྲོ་མ་ཀྲུར་འབུ་བརྒྱབ་འདུག སྨན་གཏོར་རན་འདུག”ཅེས་རྒན་ཀྲང་ལགས་ཀྱིས་ལོ་མ་ལག་ཏུ་བླངས་ནས་ལྟ་ཞོར་དུ་དགོད་འཚེར་འཚེར་ངང་སྤེན་པ་དོན་གྲུབ་ལ་བཤད།

          སྤེན་པ་དོན་གྲུབ་ཀྱིས་བརྩེ་བ་ཟབ་མོས་འབོད་པའི“རྒན་ཀྲང་ལགས”ནི་ལག་རྩལ་པ་ཀྲང་ཅི་མིང་ཡིན་པ་དང་ཁོང་ད་ལོ་ལོ་53ལ་སླེབས་ཡོད། 2000ལོར་བོད་དུ་ཡོང་ནས་ད་བར་ལོ་17འདས་ཤིང་། པ་སྣམ་རྫོང་དུ་ངོ་མི་ཤེས་མཁན་གཅིག་ཀྱང་མེད། རྒན་ཀྲང་ལགས་གཟུགས་ཚད་ཚད་མ་ཡིན་པ་དང་། ངོ་གདོང་དམར་སྨུག་ཏུ་གྱུར་ཡོད་པ་མ་ཟད། རྒྱུན་དུ་ཕྱིང་ཞྭ་རྙིང་པ་ཞིག་གྱོན་པའི་ཁོང་ནི་ཧྲན་ཏུང་གི་བོད་སྐྱོར་ལག་རྩལ་པ་100ལྷག་གི་གྲས་ཤིག་ཡིན་ཞིང་ད་ཆ་ཁོང་གཅིག་པུ་བོད་དུ་བསྡད་ཡོད།

          ཕྱི་དྲོ་སྤེན་པ་དོན་གྲུབ་ཀྱིས་ད་དུང་གྲོང་མི་ལྷག་པ་ཚེ་རིང་ལ་ཚལ་འདེབས་སྟངས་བསླབ་དགོས་ཀྱི་ཡོད་པས་པ་སྣམ་རྫོང་ལྗང་མདོག་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་དོན་རྗེས་གང་མགྱོགས་གྲོང་ཚོར་ལོག

          ལྷག་པ་ཚེ་རིང་གི་འགྱིག་ཤོག་དྲོད་ཁང་ནང་སླེབས་སྐབས་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡོལ་བས་ལྷག་པ་ཚེ་རིང་གིས་དྲོ་སོབ་སོབ་ཀྱི་འགྱིག་ཤོག་དྲོད་ཁང་ནང་སྒུག་ནས་བསྡད་ཡོད། ཁོ་པའི་ཁྱིམ་གྱི་ཧོང་ཀྭ་སྡེབ་སྦྱོར་བྱེད་རན་པས་ཁོ་པས་སྡེབ་སྦྱོར་བྱེད་སྟངས་མི་ཤེས་སྟབས་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཀྱིས་སླར་ཡང་མཛུབ་སྟོན་བྱ་རྒྱུའི་རེ་བ་བྱས།

          སྤེན་པ་དོན་གྲུབ་ཀྱིས་ངང་རྒྱུད་རིང་པོས་ཁོ་པར་སྡེབ་སྦྱོར་ཇི་ལྟར་བྱེད་དགོས་མིན་དང་རྟགས་ཇི་ལྟར་རྒྱག་དགོས་མིན་གསལ་པོར་བཤད། སྤེན་པ་དོན་གྲུབ་ཀྱིས་2000ལོ་ནས་བཟུང་བན་ཚང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བ་དང་ཁོང་ནི་གྲོང་ཚོའི་ནང་གི་ཚན་རྩལ་ཆེད་མངགས་པ་3གྱི་གྲས་ཤིག་ཡིན་ལ། གྲོང་ཚོ་ཡོངས་ཀྱི་འགྱིག་ཤོག་དྲོད་ཁང་106གི་སྔོ་ཚལ་འདེབས་འཛུགས་ལག་རྩལ་མཛུབ་ཁྲིད་ཀྱི་འགན་འཁུར་བ་ཡང་ཡིན།

          ཧྲུའུ་ཅི་རྒན་གྲས་ལ་ཁོམ་པ་བྱུང་བ་དང་བསྟུན་ནས་གསར་འགོད་པས་ཁོང་ལ་ཚལ་འདེབས་ལག་རྩལ་གང་འདྲ་བྱས་ནས་སྦྱངས་པ་ཡིན་ཞེས་སྐད་ཆ་དྲིས།

          ཁོང་གིས་གསར་འགོད་པར་ཧྲན་ཏུང་བོད་སྐྱོར་ལས་བྱེད་པས་ཅི་ནན་ལི་ཁྲེང་ཆུས་ཐང་ཝང་གྲོང་ཚོ་ནས་ཁག་གསུམ་ལ་དབྱེ་སྟེ་ཚལ་འདེབས་ལག་རྩལ་མི་སྣ་100ལྷག་ཙམ་གདན་ཞུས་བྱས་པ་དང་དེའི་ཁྲོད་བཟའ་ཚོ་24ཡོད། ལག་རྩལ་མི་སྣ་གཅིག་གིས་པ་སྣམ་རྫོང་ནས་བོད་རིགས་བུ་མོ་གཅིག་མནའ་མར་བླངས་པ་དང་ད་དུང་ལག་རྩལ་མི་སྣ་གཞན་ཞིག་གི་བཟའ་ཟླ་བོད་དུ་གྲོངས་རྗེས་བཟའ་ཟླའི་སྤུར་ཐལ་འཁྱེར་ནས་སེམས་སྡུག་ཆེན་པོས་ཧྲན་ཏུང་དུ་ལོག

          དེ་སྔོན་ངས་ཚལ་འདེབས་པའི་སྐོར་མང་པོ་ཤེས་ཀྱི་མེད་པས་རྒན་ཀྲང་ལགས་ཁོང་ཚོས་སྔོན་ལ་སྔོ་ཚལ་བཏབ་པ་དང་། དེ་རྗེས་ང་ཚོར་དམར་ཁྲིད་བྱེད་ཀྱི་ཡོད་དེ། ས་ཁོད་སྙོམས་པ་དང་། ལུད་རྒྱག་པ། མྱུ་གསོ་བཅས་ནས་འདེབས་གསོ་དང་། གཡོག་བྱེད། འབྲས་བུ་བསྡུ་བ་བཅས་བར་དང་། ཐོན་སྐྱེད་མ་བྱས་གོང་དང་། བྱེད་རིང་། བྱས་རྗེས་བཅས་ཀྱི་ལྷུ་ཚིགས་ཚང་མ་ཞིབ་པར་འགྲེལ་པ་རྒྱག་པ་དང་། ང་ཚོས་ཤེས་ཤེས་བར་བསླབ་ཀྱི་འདུག

          དང་ཐོག་མར། བན་ཚང་གྲོང་ཚོའི་གྲོང་མི་པ་སངས་དབང་འདུས་དང་། སྐལ་བཟང་སྒྲོལ་མ། ཚེ་རིང་ཉི་མ་སོགས་མི་12ལག་རྩལ་པའི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་ལས་མི་བྱེད་ཀྱི་ཡོད་པ་དང་། ཉིན་རེར་གླ་ཆ་སྒོར་12ཡོད་པ་དེ་སྐབས་དེ་དུས་ཡོང་འབབ་མི་དམན་པ་ཞིག་རེད། རྗེས་སུ་ཁོང་ཚོ་ཚང་མ་གྲོང་ཚོའི་ནང་གི་ཚལ་འདེབས་མཁས་པར་གྱུར་ཡོད།

          ཤེས་ལྡན་མི་སྣའི་བོད་སྐྱོར་ནས་ལག་རྩལ་བོད་སྐྱོར་བར་དང་། དཔེ་སྟོན་གསོ་སྦྱོང་ནས་ས་ཆ་དངོས་སུ་མཛུབ་ཁྲིད་བར། ལོ་20ཡི་རིང་། ཧྲན་ཏུང་ཅིས་ནན་གྱིས་བོད་སྐྱོར་ལས་དོན་སྒྲུབ་སྐབས་ཐོག་མཐའ་བར་གསུམ་དུ“མང་ཚོགས་ལ་ལག་རྩལ་བསླབས་ནས་བོད་རིགས་ཀྱི་ཚལ་འདེབས་ཞིང་པ་གསོ་སྐྱོང་བྱེད་པའི”རྩ་དོན་གཞིར་བཟུང་སྟེ་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱས་པས་བོད་སྐྱོར་གྱི་ནང་དོན་རྒྱ་ཆེར་སོང་བ་མ་ཟད། བོད་སྐྱོར་བྱ་རྒྱུ་དེ་ཉིད“གཞན་བརྟེན”ནས“རང་བརྟེན”ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་ཐེབས་ནས་པ་སྣམ་གྱི་སྔོ་ཚལ་འདེབས་འཛུགས་ལ་ས་ཆ་གཞན་དང་མི་འདྲ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད།

          གཞིས་རྩེ་གྲོང་ཁྱེར་གྱི་ཚན་རྩལ་ཆེད་མངགས་པ་སྤེན་རྡོར་གྱིས་པ་སྣམ་རྫོང་གིས་ལོ་ལྟར་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་གྱི་ཡོད། མིག་སྔར་ཐེངས་10ལྷག་ཙམ་གཉེར་བའི་ནང་མི་ཐེངས་4120ལྷག་ཙམ་གསོ་སྦྱོང་བྱས་པ་དང་། ད་ཆ་ལག་རྩལ་པ་113ཡོད་ཅིང་། ཀྲང་ཅིས་མིང་གཅིག་པུས་བོད་རིགས་དགེ་ཕྲུག་1000ལྷག་ཙམ་ཁྲིད་ནས་བོད་ལ་བོད་རིགས་ཚལ་འདེབས་ཞིང་པ་ཁག་དང་པོ་གསོ་སྐྱོང་བྱས་ཡོད། ད་ཆ་དཔའ་རྩལ་ཤང་གི་སྲིད་འཛིན་གྲོང་ཚོ་13མི་རེ་ངོ་རེར་ཆ་སྙོམས་ཚན་རྩལ་ཆེད་མངགས་པ་2ནས་3བར་ཡོད་པ་དང་དུད་ཚང་ཚང་མ་འདེབས་འཛུགས་མཁས་པ་ཤ་སྟག་ཡིན་པ་མ་ཟད། སྤེན་པ་དོན་གྲུབ་ཀྱང་ལོ་མང་རིང“སྔོ་ཚལ་འདེབས་འཛུགས་མཁས་པ་བཅུའི”གྲས་སུ་བདམས་ཡོད་ཅེས་གསར་འགོད་པར་བཤད།

          ཚལ་འདེབས་ཤེས་པས་མ་ཚད་ད་དུང་ཚལ་ཡག་པོ་འདེབས་དགོས། པ་སྣམ་རྫོང་གིས་སྣ་ཁ་གསར་པ་ནང་འདྲེན་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་ཚལ་འདེབས་ཀྱི་གོམ་པ་དང་པོ་སྤོས་པ།

          ལོ་20ཡི་རིང་། པ་སྣམ་རྫོང་གིས་ཅིས་ནན་ནས་གྲོ་མ་དང་། ཤིས་ཀྭ་ཆུང་ངུ་། ཤིང་ཏོག་མེ་འབར། ཁམ་གཟུགས་ཀྲོ་མ་ཀྲུ་སོགས་སྣ་ཁ་གསར་པ་116གཅིག་རྗེས་གཉིས་མཐུད་ངང་ནང་འདྲེན་བྱས་པ་དང་གཙོ་བོ་སྣ་ཁ་36ཁྱབ་གདལ་བཏང་ཡོད། དེ་སྔ་ལ་ཕུག་དང་། ཞོག་ཁོག པད་ཚལ་བཅས་ལས་འདེབས་མི་ཐུབ་ཀྱང་། ད་ཆ་ཧོང་ཀྭ་དང་། ཤིས་ཀྭ ཀྲོ་མ་ཀྲུ་ཙམ་མ་ཟད་ད་དུང་འབྲི་ཏ་ས་འཛིན་དང་བྱ་སུག་ཤ་མོ་སོགས་སྣ་ཁ་གསར་པའང་འདེབས་ཐུབ་ཀྱི་ཡོད།

          ཤིས་ཀྭ་ཚོད་འདེབས་བྱ་ཆེད། སྤེན་པ་དོན་གྲུབ་ཀྱིས་ལག་རྩལ་མི་སྣ་དང་མཉམ་དུ་ཉིན་གང་ཞིབ་འཇུག་བྱེད་པ་དང་། ལྷག་པར་དུ་དབྱར་དུས་སུ་དྲོད་ཁང་ནང་གི་དྲོད་ཚད་ཏུའུ་30ནས་40བར་ཟིན་ཏེ་དྲོད་ཁང་ནང་འཛུལ་ནས་སྐར་མ་10ཡང་མ་འགོར་བར་རྔུལ་ཆུས་འཚོས་ཀྱི་ཡོད། དེ་འདྲའི་སྐབས་ལག་རྩལ་མི་སྣས་དྲོད་ཁང་ནང་འཛུལ་གྱི་མེད། ཡིན་ནའང་སྤེན་པ་དོན་གྲུབ་ཀྱིས་ཚ་གདུག་ལ་མི་སྐྲག་པར་ཤིས་ཀྭ་མྱུ་གུ་རེ་རེ་བཞིན་ལ་ཆུ་རྒྱག་གི་ཡོད། ཁོང་དང་ལག་རྩལ་མི་སྣས་འབད་བརྩོན་ཧུར་ཐག་དང་རྒྱུན་ཆད་མེད་པར་ཞིབ་འཇུག་བྱས་པ་བརྒྱུད། མཐར“བན་ཚང་ཤིས་ཀྭ”ཚོད་འདེབས་ལེགས་གྲུབ་བྱུང་ནས་སྔོ་ཚལ་འདེབས་འཛུགས་དུད་ཚང་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད།

          “ན་ནིང་། ང་ཚོའི་ཁྱིམ་གྱིས་ཤིས་ཀྭ་སེར་པོ་ཚོད་འདེབས་བྱས་པ་ཡིན། ཁྲོམ་རའི་ཐོག་མཐོང་དཀོན་པས་བྲིན་ཁ་རྒྱུག་པོ་འདུག”ཅེས་སྤེན་པ་དོན་གྲུབ་ཀྱིས་དགོད་བཞིན་གསར་འགོད་པར་བཤད།

          མདུན་སྐྱོད་ཀྱི་གོམ་སྟབས་ལྷོད་ཙམ་ཡང་འཇོག་མྱོང་མེད། སྣ་ཁ་གསར་པ་ནང་འདྲེན་བྱེད་པ་ཕུད་པ་སྣམ་རྫོང་གིས་ད་དུང་ཧྲན་ཏུང་ཅིས་ནན་ནས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་གསར་པ་དྲངས་པ།

          ས་མཐོར་དཔྱིད་ཀ་འཆར་ནའང་དྲོད་དེ་ཙམ་སླེབས་ཀྱི་མེད། འོན་ཀྱང་བན་ཚང་གྲོང་ཚོའི་གྲོང་མི་པ་དོན་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ནས་ཧོང་ཀྭ་དང་ཀྲོ་མ་ཀྲུ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་རེད། ཚོད་ལྟ་དང་འཕེལ་རྒྱས་ལོ་20བཏང་བ་བརྒྱུད། པ་སྣམ་རྫོང་གིས་དུས་བཟློག་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ནས་བོད་ཡོངས་ཀྱི་ས་མཐོའི་དུས་བཟློག་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

          དབུལ་པོའི་གྲོང་ཚོ་ཕྱུག་པོར་གྱུར་པ།

          དགོང་མོ་ཁྱིམ་དུ་ལོག་སྐབས་ནང་མིས་སོ་ལོ་ཤ་བརྔོས་དང་། ཀྲོ་མ་ཀྲུ་སྒོང་བརྔོས། སྔོ་ཚལ་བརྔོས་མ་སོགས་ལྟོ་ཆས་གྲ་སྒྲིག་བྱས་ཟིན་ནས་ནང་མི་རྣམས་སྒྲོག་ཙེའི་མཐར་སྒོར་འཁྱིལ་ལེར་བསྡད་དེ་དགོང་ཟས་ཟ་བའི་ངང་ཚུལ་དེ་ནི་ཇི་འདྲའི་དྲོ་སྐྱིད་ལྡན་པ་ཞིག་རེད་ཨང་།

          གསར་འགོད་པས། “སྔོན་མ་ནང་ལ་སྔོ་ཚལ་བཟའ་རྒྱུ་ཡོད་དམ”ཞེས་འདྲི་སྐབས། སྤེན་པ་དོན་གྲུབ་ཀྱིས“སྔོ་ཚལ་དེ་ཙམ་མང་པོ་མེད། མི་མང་ཆེ་བས་ཤ་དང་རྩམ་པ་ཟ་ཡི་ཡོད”ཅེས་ལན་བཏབ།

          ཡང་གསར་འགོད་པས། “ད་ཆ་ནང་མི་ཚང་མ་སྔོ་ཚལ་བཟའ་རྒྱུ་གོམས་འདུག་གམ”ཞེས་འདྲི་སྐབས། སྤེན་པ་བཀྲ་ཤིས་ཀྱིས“སྔ་ས་ནས་གོམས་ཟིན་འདུག ངེད་ཚང་གི་སྔོ་ཚལ་ཡག་པོ་ཡོད་པས། མ་ཟོས་ན་གྱོང་རེད”ཅེས་ལན་བཏབ།

          ལོ་20ཡི་རིང་པ་སྣམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཧུར་བརྩོན་བྱས་ཤིང་། ཚལ་འདེབས་དུད་ཚང་མང་པོ་ཚན་པར་བྱས་ཏེ་ཚལ་འདེབས་པའི་བརྒྱུད་རིམ་དེ་ནི་པ་སྣམ་རྫོང་གི་འབད་འཐབ་ཀྱི་བརྒྱུད་རིམ་ཡིན་པ་དང་། དེས་པ་སྣམ་སྔོ་ཚལ་འདེབས་འཛུགས་ཀྱི་གནམ་ས་གསར་པ་ཞིག་བཏོད་ཡོད། དུས་ཐུང་ལོ་ངོ་20ཡི་ནང་པ་སྣམ་བ་དང་ཁོང་ཚོའི་རྐང་འོག་གི་ས་གཞི་འདིར་ཐོབ་པའི་གྲུབ་འབྲས་དེ་དག་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་ཅིག་ཏུ་གྱུར་ནས་འབད་འཐབ་ལམ་བུའི་སྟེང་འོད་ཟེར་སྟོང་ལྡན་གྱི་རྒྱན་དུ་གྱུར་ཡོད།

          དེ་ནི་བསམ་བློར་འགྱུར་ལྡོག་དང་བཟའ་བཏུང་གི་གྲུབ་ཆ་ལེགས་སུ་སོང་བའི་ལོ་20ཡིན།

           སྔོན་མ་པ་སྣམ་གྱི་སྔོ་ཚལ་མཚོ་སྔོན་དང་ཀན་སུའུ་ནས་དབོར་གྱི་ཡོད་པས་ཤ་ལས་གོང་ཆེ་བ་ཡོད། ལྷག་པར་དུ་དགུན་དུས་སུ་སྔོ་ཚལ་དེ་ཙམ་མཐོང་རྒྱུ་མེད་ཅིང་། ཞིང་འབྲོག་པའི་ནམ་རྒྱུན་གྱི་ཟ་མ་ནི་ཞོག་ཁོག་དང་། ལ་ཕུག པད་ཚལ་གསུམ་རང་ལས་མེད་པ་དང་། ཤིས་ཀྭ་དང་ཁམ་བུ་སོགས་ཤིང་འབྲས་ནི་དེ་བས་ཀྱང་སྤྲོས་བྲལ་རེད།

          ད་ཆ་སྔོ་ཚལ་དྲོད་ཁང་ཆེ་མོར་བརྟེན་ནས་པ་སྣམ་གྱི་མི་སེར་རྣམས་ལ་རང་ཡུལ་ཏུ་བཏབ་པའི་ཆིན་ཚལ་དང་། འབྲི་ཏ་ས་འཛིན། ཤིས་ཀྭ་ཆུང་ངུ་། ཀྲོ་མ་ཀྲུ་སོགས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་70ལྷག་ཙམ་ཟ་རྒྱུ་བྱུང་ཡོད།

          “ལོ་20ཡི་རིང་སྔོ་ཚལ་འདེབས་འཛུགས་བྱས་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་ཕྱིན་ནས་ཁོང་ཚོའི་གཟུགས་པོ་ཐང་དུ་སོང་བ་དང་། འཚོ་བཅུད་དང་། བྲོ་བ། ཚོན་མདོག སྤུས་ཀ་བཅས་ལ་དང་དོད་ཆེ་བའི་གནོད་མེད་བཟའ་བཏུང་རིག་གནས་ཤིག་མང་ཚོགས་ཁྲོད་དར་ཁྱབ་འགྲོ་བཞིན་ཡོད”ཅེས་དཔའ་རྩལ་ཤང་གི་ཤང་ཀྲང་ཐེང་པིང་གིས་དེ་ལྟར་བཤད།

          དེ་ནི་གྲོང་ཚོའི་རྣམ་པ་དང་བཀོད་པར་འགྱུར་ལྡོག་དང་འཚོ་བར་འགྱུར་ལྡོག་བྱུང་བའི་ལོ་20ཡིན།

           སྔོན་མ་ཡུལ་འདིའི་མི་རྣམས་ཀྱིས་འབྲུ་ལས་འདེབས་ཀྱི་མེད་པས། ལོར་ཡོང་འབབ་སྒོར་1000ལྷག་ཙམ་ལས་མེད། “ད་ཆ་སྔོ་ཚལ་བཏབ་ན་འབྲུ་བཏབ་པ་ལས་ཡོང་འབབ་ལྡབ་བཅུ་གྲངས་ཁ་ཤས་ཀྱིས་ལེགས་པ་འདུག སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་བཏབ་བའི་སྔོ་ཚལ་གྱིས་ལོ་གཅིག་ལ་ངེད་ཚང་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་རག་གི་ཡོད་པ་དེས་ངེད་ཚང་གི་ཡོང་འབབ་བསྡོམས་འབོར་གྱི་གསུམ་ཆ་གཉིས་ཙམ་བཟུང་གི་འདུག”ཅེས་གྲོང་མི་བུ་ཆུང་གིས་དེ་ལྟར་བཤད།

          གྲོང་མི་སྤེན་པ་ཚེ་རིང་གི་ཁྱིམ་ལ་སྔོ་ཚལ་དྲོད་ཁང་ཆེ་མོ་3ཡོད་པ་དེས་ལོ་ལྟར་ཡོང་འབབ་སྒོར་ཁྲི་2.6ཡོང་གི་ཡོད། 2012ལོར་ཁོང་གིས་སྒོར་ཁྲི་20ལྷག་ཙམ་བཏང་སྟེ་སྨི་ངོས་གྲུ་460ལྷག་ཟིན་པའི་ཁང་པ་ཐོག་སོ་ཉིས་ལྡན་ཁང་མིག་16ཡོད་པ་ཞིག་བརྒྱབ་པ་མ་ཟད། སྒོར་ཁྲི་90ལྷག་ཙམ་བཏང་སྟེ་སྣུམ་འདྲེན་རླངས་འཁོར་ཞིག་ཉོས་པས་འཚོ་བ་སྔར་ལས་སྐྱིད་དུ་སོང་།

          ཤང་ཀྲང་ཐེང་པིང་གིས་གསར་འགོད་པར་2011ལོར་བན་ཚང་གྲོང་ཚོའི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལྷག་བྱུང་ནས་པ་སྣམ་རྫོང་གི་ཡོང་འབབ“སྒོར་ཁྲི་ལོན་པའི”གྲོང་ཚོ་དང་པོ་འབའ་ཞིག་དེར་གྱུར། 2016ལོར་བན་ཚང་གྲོང་ཚོས་སྔོ་ཚལ་དྲོད་ཁང་ཆེ་མོ་106བརྒྱབ་ནས་སྔོ་ཚལ་མུའུ་72འདེབས་འཛུགས་བྱས་པ་དང་ཆ་སྙོམས་དུད་ཚང་རེར་སྔོ་ཚལ་དྲོད་ཁང་ཆེ་མོ་2ཡན་ཡོད་པ་དང་དྲོད་ཁང་རེ་ནས་ཆ་སྙོམས་ཡོང་འབབ་སྒོར་7500ནས་སྒོར་8500བར་ཡོང་གི་ཡོད། 2016ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.52ཟིན་པ་དང་། སྔོ་ཚལ་ཡོང་འབབ་ཀྱིས་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་41.2%བཟུང་ནས་བན་ཚང་གྲོང་ཚོའི་ཁྱད་ལྡན་ཐོན་ལས་ལ་གྱུར་ཡོད།

          དེ་ནི་དཀའ་སྤྱད་འབད་འཐབ་དང་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ལོ་20ཡིན།

           མང་ཚོགས་ཀྱི་ཉེ་འགྲམ་དུ་སྟབས་བདེ་ཡོད་པ་དང་རང་ཉིད་ཀྱིས་འཇོན་པའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕ་ཡུལ་དང་ས་ཞིང་ལས་བྲལ་མི་དགོས་པར་སྒོ་འགྲམ་དུ་དབུལ་སྒྲོལ་འབབ་འཕར་ཡོང་བ་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བླང་བྱ་ཡིན་པ་དང་། བན་ཚང་གྲོང་ཚོའི་དུད་ཚང་དབུལ་པོ་ཚེ་རིང་ཕན་ཐོགས་ནི་སྲིད་ཇུས་དེའི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། ཁོང་གི་ཕྲུ་གུར་ནད་ཕོག་རྐྱེན་ཁྱིམ་ཚང་གི་འཁོས་ཀ་ཞན་པོར་གྱུར་པ་དང་ཁྱིམ་ལ་ས་ཞིང་མུའུ་15ཡོད་པར་སྔོན་མ་ནས་བཏབ་པར་ལོ་གཅིག་ལ་ཡོང་འབབ་སྒོར་2000ནས་སྒོར་3000བར་ལས་མེད་པས། འཚོ་བ་དབུལ་ཞིང་ཕོངས། ད་ཆ་སྔོ་ཚལ་དྲོད་ཁང་ཆེ་མོ་གཉིས་བརྒྱབ་རྗེས་སྔོ་ཚལ་ཁོ་ནའི་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་ཡོད་པའི་ཁར་ཡོང་འབབ་གཞན་དག་བསྡོམས་ན་ལོ་གཅིག་ལ་སྒོར་ཁྲི་3ལྷག་ཙམ་ཡོང་གི་ཡོད་པས་2016ལོར་དབུལ་སྒྲོལ་ཐུབ་ཡོད།

           ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་ཁྱིམ་གྱི་སྒོ་ར་ནས་དོན་སྐབས་ས་རུབ་ཟིན་འདུག ནམ་མཁར་སྐར་ཚོགས་ལམ་ལམ་དུ་བཀྲ་ཞིང་། གནམ་གཤིས་དེ་ཙམ་དྲོ་པོ་མེད་ནའང་གསར་འགོད་པར་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་དབང་མེད་དུ་བྱུང་ནས་དཔྱིད་ཀྱི་ལྷ་མོའི་གོམ་སྟབས་དལ་བུ་དལ་བུར་བན་ཚང་གྲོང་ཚོའི་ཕྱོགས་སུ་བསྒྱུར་ཏེ་དྭངས་ཤིང་གཙང་བའི་མྱང་ཆུ་གཙང་འགྲམ་དུ་ལོ་གསར་པའི་དཔྱིད་ཀྱི་དཔལ་ཡོན་བཞད་ལ་ཉེ་བ་ལྷམ་མེར་ཚོར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716