སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གེགས་རྗེས་བསྐྱར་སྐྲུན་རེ་བ་གསར་པས་ཕྱུག
སྤེལ་དུས། 2017-04-26   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
—— སྐྱིད་གྲོང་རྫོང་གི“4·25”ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་བྱས་ནས་ལོ་གཉིས་འཁོར་བའི་མཐོང་ཐོས།
འདི་ནི་བསྐྱར་སྐྲུན་རྗེས་ཀྱི་སྐྱིད་གྲོང་གྲོང་རྡལ་མར་དཀར་གྲོང་ཚོ་ཡིན་པ།
          “4·25”ས་ཡོམ་བརྒྱབ་ནས་ལོ་གཉིས་འཁོར་བའི་སྐབས་སུ་དེ་སྔ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པའི་སྐྱིད་གྲོང་དུ་སྐྱོད་སྐབས། དེ་སྔའི་ཞིག་རོ་དག་མཐོང་རྒྱུ་མེད་པར་གང་སར་གྲལ་སྟར་སྒྲིག་ལ་མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་གྲོང་ཚོ་གསར་པ་ཞིག་མིག་ལམ་དུ་འཆར། དེ་དག་ལས་ཏང་དང་སྲིད་གཞུང་གི་སྟོབས་ཤུགས་ཆེན་པོ་མཚོན་པ་མ་ཟད། སྐྱེ་བོ་ཀུན་ལ་འཚོ་བ་དང་རེ་བ་གསར་པ་སྦྱིན་དང་མཚུངས།
          ཞིག་རོའི་ཁྲོད་ནས་རེ་བ་བཏེགས།
          སྐྱིད་གྲོང་གྲོང་རྡལ་གླང་ཆུ་གྲོང་ཚོར་ཚོན་མདོག་གཅིག་གྱུར་དང་བོད་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁང་པ་སྟར་པ་བཅུ་གྲངས་དེ་དག་སྔོ་ལྗང་གི་ས་གཞི་ཆེ་མོའི་རྒྱན་དུ་གྱུར་ནས་དེ་བས་བཀྲག་མདངས་ལྡན།
          “ང་ཚོ་ཁང་པ་གསར་པའི་ནང་མགྱོགས་པོ་དེ་འདྲ་སྤོ་ཐུབ་ཀྱི་རེད་སྙམ་མ་བྱུང”ཞེས་འདི་ལོའི་བོད་ཀྱི་ལོ་གསར་གོང་ཁང་པ་གསར་པར་སྤོས་པའི་གྲོང་མི་རྡོ་རྗེས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
          སྟར་པ་དང་པོའི་ཐོག་སོ་གཉིས་པའི་རྡོ་རྗེའི་སྡོད་ཁང་གསར་པ་དེར་རྒྱལ་ཁབ་དང་རྫོང་གིས་དངུལ་སྒོར་ཁྲི་18.2བཏང་བའི་ཐོག་རང་ཉིད་ཀྱིས་སྒོར་ཁྲི་11བཏོན་ནས་བརྒྱབ་པ་ཞིག་རེད། “ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་180ཡོད་པས་གུ་ཡངས་ཐག་ཆོད་འདུག”ཅེས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་བཅངས་བཞིན་དེ་ལྟར་བརྗོད།
          “4·25”ས་ཡོམ་གྱི་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ནུས་ཤུགས་ཡོད་རྒུས་ཉེན་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཟིགས་རྒྱང་རིང་བ་དང་བློ་ཐག་ཆོད་པོས་སྔ་སྣུར་དུ་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་གྱི་ཇུས་ཆེན་བཀོད་དེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།
          “4·25”ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཡིན་པའི་ངོས་ནས་ལོ་གཉིས་རིང་སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ“ཚན་རིག་དང་མཐུན་པའི་སྒོ་ནས་བསྐྱར་སྐྲུན་དང་། གྲོང་མིའི་སྡོད་ཁང་སྔོན་ལ་བསྐྲུན་རྒྱུ”མཐའ་འཁྱོངས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་སྔོན་ལ་མར་དཀར་དང་། ཅང་གྲོང་གསར། ཀོ་པ་གྲོང་ཚོ་བཅས་ཀྱི་གྲོང་མིའི་སྡོད་ཁང་བསྐྱར་སྐྲུན་བྱས་པ་དང་འབྲེལ་སྔོན་ལ་ཚོད་ལྟ་ལག་བསྟར་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ། རྒྱུན་ཆད་མེད་པར་ལེགས་བཅོས། རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ནས་རྫོང་དེ་ཡོངས་ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་རྫོང་ཡོངས་ཀྱི་དུད་ཚང་2207ལ་སྡོད་ཁང་བསྐྲུན་རྒྱུའི་ནང་ནས་སྡོད་ཁང་1985བསྐྲུན་ཟིན་པ་དང་དུད་ཚང་1194སྡོད་ཁང་གསར་པར་སྤོས་ཟིན། དེ་སྔ་གང་སར་ཛ་ཛོར་གྱིས་ཁེངས་པའི་གྲོང་ཚོ་དེ་ད་ཆ་མཐའ་མཚམས་ཀྱི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་ཟབ་མོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་ཡོད།
          གསར་འགོད་པ་གང་དུ་སྐྱོད་རིམ་བཞིན་འགྱིང་ངེར་གནས་པའི་གྲོང་ཚོ་གསར་པར་ཉི་འོད་ནུས་པའི་ལམ་སྒྲོན་དང་། ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ས། ལུས་རྩལ་ཐང་ཆེན། སྨན་བཅོས་ཁང་སོགས་འདུག སྐྱིད་གྲོང་གྲོང་རྡལ་མར་དཀར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེས་གསར་འགོད་པར་ད་ཆ་སྡོད་ཁང་གསར་པར་གསང་སྤྱོད་དང་གཟུགས་པོ་འཁྲུ་ས་ཡོད་པས་མང་ཚོགས་རྣམས་གྲོང་ཁྱེར་གྱི་མི་དང་འདྲ་བར་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད་ཅེས་བརྗོད་བྱུང་།
          “ཐོན་ལས་དང་གྲོང་ཁྱེར་ཟུང་འབྲེལ”གྱི་ལམ་བུ་གསར་པར་སྐྱོད།
          སྐྱིད་གྲོང་གྲོང་རྡལ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་ལམ་ཚོང་དོན་འགག་སྒོ་ཞིག་རེད་ལ། སྐྱིད་གྲོང་རྫོང་གིས་གཙོ་གནད་བསྐྲུན་པའི་གྲོང་རྡལ་གསར་པ་ཞིག་ཀྱང་རེད།
          སྐྱིད་གྲོང་གྲོང་རྡལ་དུ་སྐྱོད་སྐབས་འཛུགས་སྐྲུན་གྱི་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་འདུག གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཀ་ཚར་མེད་ཀྱང་དེང་རབས་ཅན་གྱི་གྲོང་རྡལ་གསར་པའི་བཀོད་པ་མངོན་བཞིན་སྣང་།
          ཧུའུ་ཧུང་གིས་ངོ་སྤྲོད་བྱས་པར། རྫོང་གིས་འགག་སྒོ་འབྱེད་པའི་དགེ་མཚན་ལྡན་པའི་གོ་སྐབས་དམ་འཛིན་བྱས་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་འགག་སྒོ་སྐྲུན་པ་དང་། ཐོན་ལས་འཕེལ་རྒྱས། གནད་སྨིན་དབུལ་སྐྱོར། ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་པ་བཅས་དང་ཟུང་འབྲེལ་བྱས་ཡོད། ལོ་གཉིས་རིང་རྫོང་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་28བཏང་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞི་དང་། འགག་སྒོ་འཛུགས་སྐྲུན། འགྲིམ་འགྲུལ་ནུས་རྒྱུ། དམངས་འཚོའི་སྒྲིག་ཆས། ཞིང་འབྲོག་ཐོན་ལས། མཐའ་མཚམས་ཚོང་དོན་ཡུལ་སྐོར་སོགས་རྨང་གཞིའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་བ་དང་སྔོ་ལྗང་དང་གློག་སྒྲོན་འདུ་འགོད་སོགས་ལག་བསྟར་བྱས་པས་ངོ་བོ་ཉིད་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གཟབ་གཏོད་ཐུབ་པ་བྱུང་ཡོད།
          ད་ཆ་སྐྱིད་གྲོང་རྫོང་གྲོང་གི་རྣམ་པ་གསར་རྐྱང་དུ་འགྱུར་ལ། གྲོང་ཁྱེར་གཙང་སྦྲ་ལྡན་པ་དང་དགོང་མོ་གང་སར་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས།
          “‘ཐོན་ལས་དང་གྲོང་ཁྱེར’ཟུང་འབྲེལ་གྱི་བྱེད་ཐབས་ནི་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་རྙེད་པའི་ལམ་བུ་གསར་པ་ཞིག་རེད་ལ། གེགས་ཁུལ་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད”ཅེས་ཧུའུ་ཧུང་གིས་ཡིད་ཆེས་ཆེན་པོས་བརྗོད་བྱུང་།
          ལྷ་ཡུལ་གྱི་གནས་ཞེས་བརྗོད་པའི་གནས་གྲོང་ཚོ་སྐྱིད་གྲོང་གི་ཡུལ་སྐོར་གྲོང་ཚོ་གསར་པ་ཞིག་ཏུ་བསྐྲུན་ཅིང་། གསར་འགོད་པ་གནས་གྲོང་ཚོར་སྐྱོད་སྐབས་གངས་རི་དང་རྩྭ་ཐང་གི་དཀྱིལ་དུ་ཡོད་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་མཐོང་བྱུང་། གསར་འགོད་པའི་སྣང་བར་གྲོང་ཚོ་ཨུ་ཡོན་ལྷན་ཁང་མིན་ནམ་སྙམ་ནས་གཞན་ལ་སྐད་ཆ་འདྲི་སྐབས། ཁང་པ་དེ་ནི་གྲོང་ལྷན་གྱི་ཀྲུའུ་རེན་ཉི་མ་དབང་འདུས་ཀྱི་སྡོད་ཁང་གསར་པ་རེད་འདུག
          ས་ཡོམ་བརྒྱབ་རྗེས་ཉི་མ་དབང་འདུས་ཀྱིས་ཡུལ་སྐོར་གསར་སྤེལ་ཁེ་ལས་ཀྱི་ཁྱོན་ཡོངས་ཀྱི་གསར་སྤེལ་བླང་བྱ་གཞིར་བཟུང་རང་ཉིད་ཀྱིས་དངུལ་སྒོར་ཁྲི་30བཏོན་པ་དང་། རྒྱལ་ཁབ་དང་རྫོང་གི་ཁ་གསབ་དངུལ་སྒོར་ཁྲི་18.2བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ1000ལྷག་ཙམ་དང་ཁང་མིག་20ཙམ་ཡོད་པའི་སྡོད་ཁང་གསར་པ་དེ་བརྒྱབ་པ་རེད།
          ཉི་མ་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར། སྐྱིད་གྲོང་འགག་སྒོ་ཕྱེ་བར་བརྟེན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་མ་ཟད། གནས་གྲོང་ཚོ་ཡིད་དུ་འོང་བས་ཡུལ་སྐོར་བ་མང་པོ་ཡོང་ངེས་རེད་སྙམ་ནས་ཁོང་གིས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བ་རེད།
          གསར་འགོད་པས་གནས་དེའི་གྲོང་མིའི་ངོ་གདོང་ནས་ཡིད་ཆེས་ཀྱི་རྣམ་འགྱུར་ཅིག་མཐོང་ཞིང་། ཧུའུ་ཧུང་གིས་གསར་འགོད་པར་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སྐྱིད་གྲོང་རྫོང་གིས་འགག་སྒོ་ཕྱེ་བའི་དུས་བབ་བཟང་པོ་དང་ཡུལ་སྐོར་གསར་སྤེལ་ཟུང་འབྲེལ་བྱས་པར་བརྟེན“གནས་སྡོད་ལ་འཚམ་པ་དང་། ཐོན་ལས་གཉེར་བར་འཚམ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་མང་ཚོགས་ཀྱི་དགོས་མཁོ་བསྐངས་ཤིང་། ད་ཆ་སྐྱིད་གྲོང་བ་ཚོས་རང་ཉིད་ཀྱི་འདུན་པ་ལྟར་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད།
          ཏང་གི་བཀའ་དྲིན་ཚོར་བ་དང་སྲོག་ཤིང་ལ་དགའ་ཞེན་བྱེད་བཞིན་མཆིས།
          གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་བག་གྲོས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སྐྱིད་གྲོང་རྫོང་གིས“ཕ་རི་དང་ཚུར་རི”བསྡུར་བའི་སློབ་གསོ་སྤེལ་ནས། གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་མགྱོགས་མྱུར་ལག་བསྟར་བྱས་ཏེ་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བ་དང་སྡོད་ཁང་གསར་པར་གཙོ་འཛིན་གྱི་སྐུ་པར་བཀལ་བ་དང་ཁྱིམ་ཚང་ཚང་མའི་སྒོ་སྟེང་དུ་སྐར་ལྔའི་དར་དམར་བཙུགས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། སྐྱིད་གྲོང་གྲོང་ལྷན་དང་རྟ་དམག་གྲོང་ཚོ་སོགས་ཀྱི་མང་ཚོགས་ཚོས་དམངས་གཞས་ལ“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་བའི”ཚིག་བསྣན་ནས་བསྟོད་གླུ་ཕུལ་ཡོད།
          སྐྱིད་གྲོང་གྲོང་རྡལ་གྲ་གྲོང་ཚོའི་སྟར་ལ་བརྒྱུད་པའི་ཁང་པ་གསར་པའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་རྣམ་པ་དེ་ལས་དེ་སྔ་དེར་ས་ཡོམ་བརྒྱབ་པ་སུ་ཡིས་རྟོགས།
          བསོད་དབང་གིས་བརྒྱབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་280ཡོད་པའི་སྡོད་ཁང་གསར་པར་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་ཐོག་ཁའི་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དང་ཚོམས་ཆེན་དུ་བཀལ་བའི་གཙོ་འཛིན་གྱི་སྐུ་པར་རེད། བསོད་དབང་གིས“གུང་ཁྲན་ཏང་མེད་ན་ད་ཆའི་བདེ་སྐྱིད་འཚོ་བ་ཡོང་མི་སྲིད། ད་ཆ་ཁང་པ་གསར་པར་སྡོད་པ་ཡང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་རྗེའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། ང་ཚོས་རྒྱལ་དར་བཙུགས་པ་དང་གཙོ་འཛིན་གྱི་སྐུ་པར་བཀལ་ནས་ཏང་ལ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་པར་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།
          ཏང་གི་བཀའ་དྲིན་ཚོར་མཁན་ནི་བསོད་དབང་གཅིག་པུ་མ་ཡིན་པར་སྐྱིད་གྲོང་རྫོང་ཀྲེ་པ་ཤང་ཀོ་པ་གྲོང་ཚོའི་ལོ་75ལ་སླེབས་པའི་བགྲེས་སོང་ཚེ་གྲུབ་ལགས་ཀྱིས་གསར་འགོད་པ་སླེབས་པ་མཐོང་སྐབས་རང་འགུལ་ངང་གསར་འགོད་པའི་འཁྲིས་སུ་བཅར་ནས“ད་ཆ་སྤྱི་ཚོགས་དངོས་གནས་ཡག་པོ་འདུག མང་ཚོགས་ལ་ཁང་པ་བརྒྱབ་པ་མ་ཟད་རང་ཉིད་ཁང་གསར་སྐྲུན་པའི་ལས་ཀར་བཅུག་པས་ཡོང་འབབ་ཀྱང་ག་ལ་གང་ཙམ་ཞིག་བྱུང་། བོད་རྙིང་པར་འདི་འདྲ་བསམ་ཡང་བསམ་མི་ཕོད་པ་ཞིག་རེད”ཅེས་བཤད། བགྲེས་སོང་གིས་ཀོ་པ་གྲོང་ཚོ་ནི་འབྲོག་ལས་གཙོ་བོར་གཉེར་མཁན་གྱི་གྲོང་ཚོ་ཞིག་ཡིན་པས་གཞིས་ཆགས་བྱེད་མཁན་ཉུང་ཉུང་རེད། ད་ཆ་ཕོ་བྲང་ལྟར་གྱི་སྡོད་ཁང་གསར་པ་ཡོད་པས་མི་རྣམས་བྲལ་མི་ཕོད་པ་དང་མི་མང་པོ་ཞིག་གྲོང་ཚོར་སྡོད་ཀྱི་ཡོད། ད་ཆ་གཞོན་ནུ་ཚོས་ཕྱུགས་འཚོ་གི་ཡོད་པས་ང་ཚོ་རྒན་རྒོན་རྣམས་བག་ཕེབས་ངང་ཚེ་མཇུག་བསྐྱལ་ནས་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད་བྱུང་།
          གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ན་སྐྱིད་གྲོང་བའི་ད་ཆའི་བདེ་སྐྱིད་མེད། ད་ཆ་སྐྱིད་གྲོང་བ་ཚོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་མགོ་བོ་འདེགས་བཞིན་དཀའ་སྤྱད་འབད་བརྩོན་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716