སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་རྩེ་རྫོང་གི་སློབ་གྲྭ་ཆེ་མོ་བ་ཚེ་གཡང་གི་ལས་གཏོད་གཏམ་རྒྱུད་ཁག་དང་པོ།
སྤེལ་དུས། 2017-05-04   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
འབད་འཐབ་ཁྲོད་ནས་ལང་ཚོའི་འོད་མདངས་འཕྲོ།
          ལེ་ཚན་གཏོད་པའི་གཏམ།
          དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་ཅེས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་རྣམ་གསར་པར་སླེབས་པར་དམིགས་ནས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་འབོད་སྐུལ་འོག་རང་ལྗོངས་ཀྱི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ཁྲོམ་རའི་ཐོག་སྐྱོད་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། ལས་དོན་སྒྲུབ་ཕོད་པ་བཅས་ཀྱི་ཐོག་ནས་རང་འགུལ་ངང་རང་ཉིད་ཁྲོམ་རའི་ཐོག་འོས་སྦྱོར་བྱེད་བཞིན་མཆིས། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“ས་མཐོར་གསར་གཏོད་ལས་གཏོད་བྱེད”ཅེས་པའི་ལེ་ཚན་འདོན་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།
འདི་ནི་ལྷ་རྩེ་རྫོང་གི་སློབ་གྲྭ་ཆེ་མོ་བ་གཞིས་ཆེན་ཤང་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཚེ་གཡང(གཡོན་གྱི་གཉིས་པ)གིས་རང་ཉིད་ཀྱིས་བཙུགས་པའི་མཉམ་ལས་ཁང་ནང་དུད་ཚང་དབུལ་པོའི་གཅུང་ལགས་ལ་སྤུན་འཁེལ་སྟངས་སློབ་པའི་གནས་ཚུལ་ཡིན་པ།
          ལོ་9ཡི་གོང་དུ་ཁོང་མཐོ་རིམ་སློབ་འབྲིང་ཐོན། ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་རྐྱེན་སློབ་ཆེན་འགྲིམ་པའི་གོ་སྐབས་དོར་ནས་སྐོམ་པ་ཆུ་འདོད་ལྟར་གྱི་ལང་ཚོའི་ཕུགས་བསམ་ཆེན་པོ་དེ་སེམས་ཀྱི་གཏིང་དུ་ཉར་རྒྱུ་ལས་མ་འདས།
          ལོ་6གི་གོང་དུ་ཁོང་འཕྲིན་བརྒྱུད་སློབ་ཁྲིད་ཆེད་ཚན་སློབ་གྲྭ་ཆེ་མོ་ཐོན། གཞུང་ལས་པའི་ཡིག་རྒྱུགས་ནང་མིང་ཐོ་འགོད་པའི་གོ་སྐབས་ཡག་པོ་དེ་སླར་ཡང་དོར་ནས་ལས་ཞུགས་བརྒྱུད་རང་ཉིད་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུའི་འདུན་པ་སྙིང་དབུས་སུ་བཅངས།
          ལོ་3གྱི་གོང་དུ་ཁོང་གིས་ཐོབ་ཆ་མང་བའི་གན་འཇོག་ལམ་ལུགས་ཀྱི་ལས་ཀ་དེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དགོངས་ཞུ་བྱས་ནས་ཕ་ཡུལ་དུ་ལོག་སྟེ་གྲོང་ཚོར་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་ཐོག་མ་དེ་བཙུགས།
          2016ལོར་ཁོང་གིས་གཉེར་སྐྱོང་བྱས་པའི་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་སྒོར་ཁྲི་270ལྷག་ཙམ་དང་ཁེ་སྤོགས་སྒོར་ཁྲི་70ལྷག་ཙམ་བྱུང་ནས་ལས་མིར་གླ་ཕོགས་སྒོར་ཁྲི་172ལྷག་ཙམ་སྤྲད་པ་དང་། དུད་ཚང་དབུལ་པོ་95ཡི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་པ་རེད།
          ཁོང་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་གྱིས“རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག”དང“བུད་མེད་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པར”བདམས་པའི་ལྷ་རྩེ་རྫོང་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོའི་ལོ་28ལ་སླེབས་པའི་འཕྲིན་བརྒྱུད་སློབ་ཁྲིད་ཀྱི་སློབ་གྲྭ་ཆེ་མོ་བ་དང་གཞིས་ཆེན་ཤང་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཚེ་གཡང་རེད།
          ཀྲུང་ནེ་གཞུང་ལམ་ཉེ་འགྲམ་གྱི་གཞིས་ཆེན་ཤང་ནི་ལྷ་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་11ཡོད་པས་འགྲོ་འོང་བྱེད་མཁན་མི་དང་རླངས་འཁོར་ཧ་ཅང་མང་བས་འཁྲུག་ཆ་ཤིན་ཏུ་དོད་པོ་ཡོད། ཚེ་གཡང་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་ནི་གྲོང་ཚོའི་བྱང་འདབས་སུ་གནས་ཡོད་པ་རེད།
          ལོ་28ལ་སླེབས་པའི་སློབ་གྲྭ་ཆེ་མོ་བ་ཞིག་གིས་ཇི་ལྟར་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་ཀྱི་འབོད་སྐུལ་འོག་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་ཧུར་ཐག་བཏང་སྟེ་གཞུང་ལས་པའི་ཡིག་རྒྱུགས་ནང་མིང་ཐོ་འགོད་པའི་གོ་སྐབས་ཡག་པོ་དེ་དོར་ནས་སློབ་གྲྭ་ཆེ་མོ་བ་7གྱི་སྣེ་འཁྲིད་དེ་དཀའ་ངལ་ཁྱད་བསད་དང་དཀའ་ཚེགས་ཆེན་པོས་ལས་གཏོད་བྱས་ཡོད་དམ།
          ཡ་མཚན་དང་དོགས་གནད་ཀྱི་བསམ་བློ་ཞིག་བཅངས་ནས་གསར་འགོད་པ་ཚེ་གཡང་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དུ་ཕྱིན་ནས་ཁོང་གི་དཀའ་སྤྱད་ལས་སྒྲུབ་ཀྱི་ལས་གཏོད་གཏམ་རྒྱུད་ཉན་པ་ཡིན།
          དཀའ་ཚེགས་ཆེ་བའི་མི་ཚེའི་གདམ་ག
          ཚེ་གཡང་དང་ཐོག་མར་ཁ་བརྡ་གློད་སྐབས་ཁོང་འཚེར་སྣང་ཆེན་པོ་བྱུང་ནས་སྐད་ཤུགས་ཡང་དེ་ཙམ་ཆེན་པོ་མི་འདུག སྐད་ཆ་མུ་མཐུད་བཤད་པས་ཁོང་གི་སྐད་ཆའི་སྒོ་མོ་ཡངས་པོར་ཕྱེ་སོང་བ་དང་། གསར་འགོད་པའི་མདུན་དུ་བུད་མེད་སློབ་གྲྭ་ཆེ་མོ་བ་ཞིག་གི་ལས་གཏོད་ཀྱི་ལང་ཚོའི་ངོ་མཚར་རིམ་བཞིན་མངོན་བཞིན་མཆིས།
          2008ལོར་ཚེ་གཡང་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་ཐོན་ནས་མཐོ་རྒྱུགས་ལ་ཞུགས་པ་མ་ཟད། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ་ཡང་འབྱོར། ལོ་དེར་གྲོང་ཁྱེར་སྦྲག་སྲིད་ཅུས་སུ་ཁ་ལོ་བ་བྱེད་བཞིན་པའི་ཕ་བློ་བསྟན་རྡོ་ཐ་ཀུང་སིར་ཚོང་ཟོག་སྐྱེལ་བར་འགྲོ་སྐབས་ཐ་མག་རླངས་འཁོར་གང་བོར་བརླག་ཏུ་སོང་ནས་སྐྱིན་ཚབ་སྒོར་ཁྲི་20ལྷག་ཙམ་སྤྲོད་དགོས་ཀྱི་ཡོད་པ་དང་། མ་པ་སངས་ཀྱི་རྐང་པ་ཐང་པོ་མེད་པའི་ཁར་སྐྱ་འགྲིབ་ཕོག་ནས་ལྟ་རྟོག་བྱེད་མཁན་དགོས་པ། ཁྱིམ་གྱི་ཞིང་ལས་ཀྱང་བྱེད་མཁན་མེད་སྟབས། ལང་ཚོའི་འདུན་པ་ཆེན་པོ་བཅངས་པའི་ཚེ་གཡང་སློབ་ཆེན་འགྲིམ་པའི་གོ་སྐབས་ཡག་པོ་དེ་མི་དོར་ཀ་མེད་དུ་གྱུར།
          “དེ་ནི་ངའི་མི་ཚེའི་གདམ་ག་ཐོག་མ་དེ་ཡིན། ང་དུས་དང་རྣམ་པ་ཀུན་ཏུ་སློབ་ཆེན་དུ་འགྲོ་རྒྱུའི་བསམ་བློ་གཏོང་གི་ཡོད། འོན་ཀྱང་སློབ་ཆེན་ལ་ཚུད་ཀྱང་མཐར་འགྲོ་ཐུབ་མ་བྱུང་། སྐབས་དེར་ངའི་མི་ཚེ་གཅིག་ཚར་སོང་བསམ་པའི་བསམ་བློ་ཞིག་འཁོར་བྱུང”ཞེས་ཚེ་དབྱང་གི་མིག་ནས་མཆི་མ་ལྷུངས་བཞིན་བཤད།
          འཚོ་བའི་གནོན་ཤུགས་ཆེན་པོ་དེས་ཁོང་གི་ཡིད་ཐང་ཆད་མེད་ཅིང་། 2008ལོར་སྤུན་མཆེད་ཀྱི་རོགས་རམ་འོག་ཚེ་གཡང་ཀྲུང་གོ་རྡོ་སྣུམ་གཞིས་རྩེ་ཡན་ལག་ཀུང་སིར་ལས་ཀར་ཞུགས་ནས་ཟླ་རེར་གླ་ཕོགས་སྒོར་2000ལྷག་ཙམ་དང་དུས་ཚིགས་རེར་བྱ་དགའི་དངུལ་སྒོར་9000ལྷག་ཙམ་ཡོད་པས་ཁྱིམ་ཚང་གི་ཁུར་པོ་ཅུང་ཡང་དུ་ཕྱིན།
          ལས་ཞོར་དུ་ཚེ་གཡང་གིས་སློབ་སྦྱོང་ལ་ལྷོད་གཡེང་མ་བཏང་སྟབས་2008ལོར་ཁོང་བོད་ལྗོངས་སློབ་ཆེན་འཕྲིན་བརྒྱུད་སློབ་ཁྲིད་ཆེད་ཚན་སློབ་གྲྭ་ཆེ་མོའི་སྲིད་འཛིན་དོ་དམ་ཆེད་ལས་ལ་ཚུད་པ་དང་། ཁོང་གིས་འབད་བརྩོན་ལྷོད་མེད་ངང་སློབ་སྦྱོང་བྱས་པས་སློབ་ཚན་གཅིག་ཀྱང་རྗེས་སུ་མ་ལུས་པར་2011ལོའི་ཟླ་6པར་སློབ་ཆེན་ཐོན།
          སློབ་ཆེན་ཐོན་རྗེས་ཚེ་གཡང་སླར་ཡང་མི་ཚེའི་ལམ་བཞི་མདོ་ཁར་ལངས་པ་སྟེ། སློབ་གྲོགས་ཚོ་དང་འདྲ་བར་གཞུང་ལས་པའི་ཡིག་རྒྱུགས་ནང་མིང་ཐོ་འགོད་རྒྱུའི་གདམ་ག་བྱེད་པ་དང་། ཡང་ན་མུ་མཐུད་རྡོ་སྣུམ་ཀུང་སིར་ལས་ཀ་བྱས་ནས་དངུལ་གསོག་རྒྱུའི་ཐད་ཚེ་གཡང་ཐེ་ཚོམ་གྱི་གནས་སུ་གྱར་བ་དེ་རེད།
          བསམ་བློ་ཡང་ཡང་བཏང་བ་བརྒྱུད་ཚེ་གཡང་གིས་གཞུང་ལས་པའི་ཡིག་རྒྱུགས་ནང་མིང་ཐོ་བཀོད་དེ་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱེད་པའི་གོ་སྐབས་བློས་གཏོང་བྱས། ཁོང་གིས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་བ་དང་ནང་མི་རྣམས་འཚོ་བ་ཡག་ཙམ་སྐྱེལ་རྒྱུ་ཡོང་བ་བྱ་ཆེད། གནས་སྐབས་ལས་ཞུགས་བྱ་རྒྱུའི་ཐག་བཅད། ཁོང་གིས་རྡོ་སྣུམ་ཀུང་སིར་ལས་ཀ་བྱེད་ཀྱིན་ལས་ཞོར་དུས་ཚོད་སྐབས་ཨ་མས་ཁྱིམ་དུ་འཐག་པའི་སྣམ་བུ་དང་། བོད་ཆས། པང་གདན་བཅས་གཞིས་རྩེར་བཙོངས་ནས་རང་ཉིད་ཀྱི་དཀའ་ཚེགས་ཆེ་བའི་ལས་གཏོད་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་ཚེའི་ཁྲོད་ཀྱི་གདམ་ག་གལ་ཆེན་ཐེངས་གཉིས་པ་དེ་བྱས་པ་རེད།
          ལོ་དེར་ནང་མི་ཚོས་པ་ཕའི་བུ་ལོན་གཙང་འཇལ་བྱས་པ་དང་འཚོ་བའི་གནོན་ཤུགས་ཡང་དུ་སོང་མོད། འོན་ཀྱང་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་ལང་ཚོར་བཀྲག་མདངས་འཚེར་བ་ཞིག་ཡོང་བ་བྱ་རྒྱུའི་ཐད་ཚེ་གཡང་གིས་སྔར་བཞིན་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
          རྡོ་སྣུམ་ཀུང་སིའི་ནང་ཞུགས་མ་ཐག་པའི་སྐབས་ལས་ཀ་ཉིན་གཉིས་བྱས་ན་ངལ་གསོ་ཉིན་གཉིས་ཡོད་པས་ཚེ་གཡང་གིས་ལས་ཞོར་དུས་ཚོད་བེད་སྤྱད་དེ་གྲོང་ཚོར་ཨ་མས་འཐག་པའི་ཕྱུ་པ་དང་པང་གདན་ལེན་པར་ལོག་ནས་གཞིས་རྩེའི་ཁྲོམ་རར་འཚོང་གི་ཡོད།
          གཞིས་ཆེན་གྲོང་ཚོར་པང་གདན་འཐག་རྒྱུ་ནི་མེས་པོས་བཞག་པའི་ལག་རྩལ་ཞིག་རེད།
          ཚེ་གཡང་གིས་པང་གདན་དང་ཕྱུ་པ་བླུགས་པའི་ཁུག་མ་འཁྱེར་ནས་གཞིས་རྩེའི་ཁྲོམ་གཞུང་ཁག་ཏུ་ཐོག་མར་འཚོང་བར་འགྲོ་སྐབས་ངོ་ཚ་ཆེན་པོ་བྱེད་ཀྱི་ཡོད། 2009ལོར་པང་གདན་དང་ཕྱུ་པ་ཐེངས་དང་པོ་འཚོང་སྐབས་ས་ཆ་མང་པོར་ཕྱིན་ཡང་ངོ་ཚ་ཆེ་བའི་རྐྱེན་གྱིས་ཉིན་ཕྱེད་ཙམ་སོང་ཡང་གཅིག་ཀྱང་བཙོངས་ཐུབ་མེད། ཚོང་རྒྱག་མཚམས་བཞག་རྩིས་བྱེད་སྐབས་རྒས་པོ་ཞིག་གིས་ཁོང་གི་ཕྱུ་པ་དང་པང་གདན་ལ་བལྟས་ནས“ཡག་པོ་འདུག ཡག་པོ་འདུག”ཅེས་ཡང་ཡང་བཤད་པ་དང་མཐར་ཕྱུ་པ་གཅིག་དང་པང་གདན་གཅིག་ཉོས་པར་ཡོང་འབབ་སྒོར་2000ལྷག་ཙམ་བྱུང་ཡོད།
          ཉིན་དེའི་མཚན་མོ་ཚེ་གཡང་དགའ་སྤྲོས་ཁེངས་ནས་གཉིད་ཀྱང་ཁུག་མེད། པང་གདན་འཚོང་ཐེངས་དང་པོར་ཁེ་འབབ་སྒོར་བརྒྱ་ཕྲག་ཙམ་བྱུང་བས་མུ་མཐུད་ཚོང་རྒྱག་རྒྱུའི་བློ་སེམས་བརྟན་དུ་ཕྱིན་པ་རེད།
          སྒྲོལ་དཀའ་བའི་བསམ་བློའི་འཆིང་རྒྱ།
          ལོ་ལྟར་ཕྱུ་པ་དང་པང་གདན་བཙོངས་ནས་ཡོང་འབབ་སྒོར་ཁྲི་10ཙམ་རག་གི་ཡོད། འོན་ཀྱང་ཚེ་གཡང་གིས་མདུན་སྐྱོད་ཀྱི་གོམ་སྐབས་སྤོ་མཚམས་བཞག་མེད།
          2014ལོའི་ལོ་འགོར་ལོ་25ལ་སླེབས་པའི་ཚེ་གཡང་གིས་མི་ཚེའི་ཁྲོད་ཀྱི་གདམ་ག་གལ་ཆེན་གསུམ་པ་དེ་བྱས་པ་དང་དེ་ནི་གདམ་ག་གལ་ཆེ་ཤོས་དེ་ཡིན། ཁོང་གིས་རྡོ་སྣུམ་ཀུང་སི་ནས་དོན་སྟེ་མཉམ་ལས་ཁང་འཛུགས་རྒྱུའི་བློ་ཐག་བཅད།
          མི་རྣམས་ཀྱི་དོགས་པ་དང་བསམ་ཤེས་མི་བྱེད་པའི་ཁྲོད་ཚེ་གཡང་གིས་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གྲབས་འཛུགས་བྱེད་འགོ་བཙུགས། མཉམ་ལས་ཁང་འཛུགས་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་མིན། གནད་དོན་ཆེ་ཤོས་ནི་གྲོང་མི་ཚོའི་བསམ་བློའི་ལྟ་བ་རྙིང་ཞེན་ཆེན་པོ་ཡོད། དེ་སྔ་ཚང་མས་འཐག་པའི་པང་གདན་རང་ཉིད་ཀྱིས་སྤྱོད་པ་ལས་ཁྲོམ་རའི་ཐོག་འཚོང་རྒྱུ་རྩ་བ་ནས་བསམ་བློ་འཁོར་མྱོང་མེད།
          “མི་རབས་ནས་མི་རབས་བར་གྱི་སྲོལ་རྒྱུན་ནི་འགྱུར་ལྡོག་གཏོང་ཧ་ཅང་ཁག་པོ་ཡོད། གྲོང་ཚོའི་ནང་གཙོ་བོ་ནས་དང་པད་ཁ་འདེབས་འཛུགས་ལ་བརྟེན་པ་དང་རང་ཉིད་ཀྱིས་འཐག་པའི་པང་གདན་རང་ཉིད་ཀྱིས་སྤྱོད་ཀྱི་ཡོད། ཞིང་ལས་ཆུང་བའི་དཔལ་འབྱོར་གྱི་བསམ་བློ་ཤུགས་ཆེ་བས་གཞིས་ཆེན་གྲོང་ཚོ་དེ་ད་བར་དབུལ་པོའི་གནས་སུ་ལུས་ཡོད”ཅེས་གཞིས་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཆི་ཅུན་གྱིས་གསར་འགོད་པར་བཤད།
          ཚེ་གཡང་ལ་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་འཛུགས་རོགས་བྱ་ཆེད། བསམ་བློའི་སྐུལ་སློང་ཐད་ལྷ་རྩེ་རྫོང་གིས་གྲུབ་འབྲས་ཐོབ་པའི་ལས་དོན་འབོར་ཆེན་ཞིག་བསྒྲུབས་ཡོད་པ་སྟེ།
          རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་བཏོན་ཏེ་དྲིལ་བསྒྲགས་བྱེད་ཤུགས་དང་གཞི་ཁྱོན་ཆེ་རུ་བཏང་བ་དང་སློབ་ཆེན་སློབ་མའི་ལས་གཏོད་སྤྲོ་སེམས་འཕེལ་བ་བྱས་ནས་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་དང་།
          རྫོང་མི་སྤྱི་ཅུས་ཀྱིས་ཆེད་མངགས་མ་དངུལ་བཏང་སྟེ་གསོ་སྦྱོང་འཛིན་གྲྭ་འཚོགས་ནས་བལ་ལས་སྣོན་བྱེད་སྟངས་ཀྱི་རྩལ་ནུས་སློབ་པ་མ་ཟད། དེ་བས་གལ་ཆེ་བ་ནི་གྲོང་མི་ཚོའི་བསམ་བློའི་ལྟ་བར་འགྱུར་ལྡོག་བཏང་སྟེ་ཚང་མ་མཉམ་ལས་ཁང་ནང་ཧུར་ཐག་ཞུགས་སུ་བཅུག་ནས་ཁྱིམ་གྱི་སྒོ་ཁར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱས་ཡོད།
          གྲོང་མི་ཚོ་མཉམ་ལས་ཁང་ནང་ཞུགས་རྒྱུར་སྐུལ་སློང་བྱ་ཆེད། ཚེ་གཡང་གིས་ཁྱིམ་ཚང་རེ་རེ་བཞིན་ལ་བསྐྱོད་དེ་སློབ་གསོ་བརྒྱབ་པ་དང་སུའི་ཁྱིམ་ལ་དཀའ་ངལ་ཡོད་པ་དང་རེ་བ་གང་ཞིག་ཡོད་པ་ཁོང་གིས་ཚང་མ་ཟིན་བྲིས་དེབ་ཐོག་བྲིས་ནས་ཐབས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གྲོང་མི་ཚོའི་ཕུགས་ཀྱི་སེམས་ཁྲལ་བསལ་བ་རེད།
          ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་དང་ངང་རྒྱུད་རིང་པོས་འགྲེལ་བཤད་ཐེངས་མང་བརྒྱབ་པ་བརྒྱུད། གྲོང་མི་ཚོའི་བསམ་བློར་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་མཉམ་ལས་ཁང་འཛུགས་པའི་དུས་ལ་སླེབས་ཡོད། 2014ལོའི་ཟླ་3ཚེས་28ཉིན་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་རྟེན་འབྲེལ་ཞུ་བའི་ཤོག་སྦག་གི་སྒྲའི་ཁྲོད་མ་དངུལ་སྒོར་ཁྲི་80བཏང་བའི་གཞིས་ཆེན་ཤང་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་སྒྲོལ་དཀར་དང་། ཉི་མ་ལྷ་སྐྱིད། བསྟན་སྐྱིད། མིག་དམར་སོགས་གྲོང་མི་10མཉམ་ལས་ཁང་ནང་ཞུགས་པ་མ་ཟད། ཁོང་ཚོ་མཉམ་ལས་ཁང་གི“བསླབ་པ་རྒན་གྲས”ལ་གྱུར་བ་རེད།
          བསམ་བློར་འགྱུར་ལྡོག་བྱུང་བ་ལས་གཞིས་ཆེན་ཤང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལེའུ་གསར་པ་ཕྱེ་བ་དང་། གཞིས་ཆེན་གྲོང་ཚོས་ལས་གཏོད་ཀྱི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།
ལས་གཏོད་ཀྱི་ཕུགས་བསམ།
          ཚེ་གཡང་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དུ་ཆོས་སྒྲོན་དབང་མོ་དང་། ཕུར་ཕན། ཉི་མ་བུ་ཁྲིད། བློ་བཟང་སྟག་རྒོད། ཕུན་ཚོགས་ནོར་རྒྱས། སྒྲོན་ལགས། ཧུའུ་པིན་པིན་བཅས་སློབ་ཆེན་ཐོན་པའི་སློབ་མ་7ཡོད།
          2016ལོའི་ཟླ་12པར་སློབ་ཆེན་སློབ་མ་བདུན་པོ་དེ་དག་གིས་ཚེ་གཡང་དང་ལས་མི་སྤྱོད་པའི་གན་རྒྱ་བཞག
          1988ལོར་སྐྱེས་པའི་ཉི་མ་བུ་ཁྲིད་ནི་པ་སྣམ་རྫོང་ནས་ཡིན་པ་དང་། 2015ལོར་སི་ཁྲོན་ཚན་རྩལ་ལས་རིགས་སློབ་ཆེན་ནས་ཐོན་པ་དང་ད་ཆ་མཉམ་ལས་ཁང་དུ་ཕྱིར་ཚོང་པའི་འགན་འཁུར་མུས་ཡིན། 1988ལོར་སྐྱེས་པའི་ཆོས་སྒྲོན་དབང་མོ་ནི་གཞིས་རྩེ་ནས་ཡིན་པ་དང་། 2015ལོར་སི་ཁྲོན་ཚན་རྩལ་ལས་རིགས་སློབ་ཆེན་ནས་ཐོན་པ་དང་ད་ཆ་མཉམ་ལས་ཁང་དུ་ལས་གཉེར་པའི་འགན་འཁུར་མུས་ཡིན།
          2012ལོར་ཚེ་གཡང་གི་མཐོ་འབྲིང་ནས་ཐོན་མ་ཐག་པའི་ཆོས་སྒྲོན་དབང་མོ་དང་ཉི་མ་བུ་ཁྲིད་གཉིས་ངོ་ཤེས་ཤིང་། སློབ་ཆེན་འགྲིམ་སྐབས་ཚེ་གཡང་དང་ཁོ་གཉིས་འབྲེལ་བ་ཟབ་པོ་བྱུང་། རྟག་ཏུ་སྐད་འཕྲིན་ཐོག་ཅི་འཕྲོས་མོལ་འཕྲོས་བཤད་པ་དང་སྦྲགས་ཁོ་གཉིས་ལ་རང་ཉིད་ཀྱིས་གཞིས་རྩེར་ལས་གཏོད་བྱས་པའི་སྐོར་བཤད། ཤུགས་རྐྱེན་དེ་འདྲའི་འོག་ཆོས་སྒྲོན་དབང་མོ་དང་ཉི་མ་བུ་ཁྲིད་གཉིས་ལའང་སློབ་ཆེན་ཐོན་རྗེས་ཚེ་གཡང་དང་མཉམ་དུ་ལས་གཏོད་བྱ་རྒྱུའི་བློ་ཞིག་སྐྱེས།
          སྒྲོན་ལགས་ནི་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ནས་ཡིན་པ་དང་ད་ལོ་ལོ་24ལ་སླེབས་ཀྱི་ཡོད། 2012ལོར་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་རྩིས་འཁོར་ཆེད་ལས་ནས་ཐོན་པ་དང་ད་ཆ་མཉམ་ལས་ཁང་དུ་ཕྱིར་ཚོང་དོ་དམ་བྱེད་བཞིན་ཡོད། སློབ་ཆེན་ཐོན་རྗེས་ཁོ་མོས་གཞུང་ལས་པའི་ཡིག་རྒྱུགས་ཐེངས་གཉིས་བཏང་རུང་རྒྱུགས་འཕྲོད་མེད།
          འོན་ཀྱང་སྒྲོན་ལགས་སེམས་ཕམ་མེད་ལ་རེ་ཐག་ཀྱང་ཆད་མེད་པར་བསམ་བློ་འགྱུར་ལྡོག་ཧུར་ཐག་བཏང་སྟེ་དྲ་ཐོག་ཏུ་ཚོང་ཆུང་བརྒྱབ་ནས་ལས་གཏོད་བྱེད་འགོ་བཙུགས་ཤིང་། དྲ་ཐོག་ཏུ་བྱུག་རྫས་དང་མི་རིགས་ལག་ཤེས་ཐོན་རྫས་བཙོངས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཡོང་གི་ཡོད།
“ང་ཚེ་གཡང་གི་མཉམ་ལས་ཁང་དུ་ལས་ཀ་བྱེད་དོན་ནི་ལས་གཏོད་བྱེད་འདོད་ཡོད་པས་ཡིན། ཚེ་གཡང་གིས་ང་ཚོར་དེ་གར་ལས་ཀ་ལོ་8བྱས་ན་ང་ཚོར་ལས་གཏོད་མ་དངུལ་སྔ་འདོན་བྱས་ཆོག ལོ་གསུམ་རྗེས་ལ་སྤྲད་ན་འགྲིག་ཅེས་ཟེར་གྱི་འདུག”སྒྲོན་ལགས་ཀྱིས་ང་ཁེར་རྐྱང་དུ་ལས་གཏོད་བྱེད་འདོད་ཀྱང་མ་རྩ་མེད། དེར་བརྟེན་སྔོན་ལ་དེ་གར་ལས་ཀ་ལོ་འགའ་བྱས་ཏེ་མ་དངུལ་འདང་ངེས་ཞིག་བསགས་རྗེས་ངས་ཁེར་རྐྱང་དུ་ལས་གཏོད་བྱས་ནས་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གསར་འགོད་པར་བཤད།
          འདི་ནི་གསོན་ཤུགས་ཀྱིས་ཁེངས་པ་དང་འབད་འབུངས་ཡར་ཐོན་གྱི་བསམ་བློ་ལྡན་པའི་གཞོན་ནུའི་ཚོགས་པ་ཞིག་རེད་ལ། འདི་ནི་མི་དཀྱུས་མ་ཞིག་བྱེད་འདོད་མེད་པ་དང་ལས་གཏོད་བྱེད་ཕོད་པའི་གཞོན་ནུའི་ཚོགས་པ་ཞིག་ཀྱང་རེད། མཉམ་ལས་ཁང་ནས་ཁོ་ཚོར་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་རྙེད་ཡོད་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཡང་མངོན་འགྱུར་བྱུང་བ་དང་འབད་འཐབ་ཁྲོད་ལང་ཚོའི་དཔལ་འབར་བཞིན་མཆིས།
          “སྲིད་ཇུས་ལ་བརྟེན་ནས་ཡར་སྐུལ་དང་། དཔེ་མཚོན་ལ་བརྟེན་ནས་སྐུལ་ཁྲིད། ཞབས་ཞུར་བརྟེན་ནས་སྐུལ་འདེད་བཅས་ཀྱི་ཐོག་ནས་ང་ཚོའི་རྫོང་གིས་སློབ་ཆེན་སློབ་མའི་ལས་གཏོད་ཞབས་ཞུའི་ལས་སྟེགས་ཧུར་ཐག་གཏོད་བཞིན་ཡོད། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་དང་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་ཏེ་ལྷ་རྩེ་འདི་ཉིད་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སའི་རྫོང་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་ལྷ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཀང་གིས་བརྗོད་བྱུང་།
ལས་སྒྲུབ་ཁྲོད་དུ་ལང་ཚོར་འབྲས་བཟང་སྨིན། འབད་འཐབ་ཁྲོད་དུ་ལང་ཚོའི་འོད་སྟོང་རྒྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716