སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འབད་འཐབ་ཁྲོད་ནས་ལང་ཚོའི་འོད་མདངས་འཕྲོ།
སྤེལ་དུས། 2017-05-08   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
—— ལྷ་རྩེ་རྫོང་གི་སློབ་གྲྭ་ཆེ་མོ་བ་ཚེ་གཡང་གི་ལས་གཏོད་གཏམ་རྒྱུད་ཁག་གཉིས་པ།

འདི་ནི་ལྷ་རྩེ་རྫོང་གི་སློབ་གྲྭ་ཆེ་མོ་བ་གཞིས་ཆེན་ཤང་བལ་གྱི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ཚེ་གཡང་གིས་ལས་མིའི་སྣེ་ཁྲིད་དེ་གཞིས་ཆེན་ཆུ་ཚན་ངོགས་ཀྱི་ན་ཁའི་སྟེང་པང་གདན་ཉི་སྐམ་གཏོང་བཞིན་པ།
          2014ལོའི་ཟླ་3ཚེས་28ཉིན་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་གྱི་དུས་སུ་ལྷ་རྩེ་རྫོང་གཞིས་ཆེན་ཤང་བལ་གྱི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས།
          “ཉིན་དེ་འདྲ་ཞིག་བདམས་དོན་ནི་ངའི་བསམ་པར་ཏང་དང་སྲིད་གཞུང་དང་ཏང་གི‘དམངས་ཀྱིས་གསར་གཏོད་བྱེད། ཀུན་གྱིས་ལས་གཏོད་བྱེད་པའི’སྲིད་ཇུས་བཟང་པོ་ཡོད་པས་བྱ་བ་ལམ་ལྷོངས་ཡོང་ངེས་རེད་སྙམ་པས་ཡིན”ཞེས་ཚེ་གཡང་གིས་བཤད།
          ལོ་གསུམ་རིང་སློབ་ཆེན་སློབ་མ་དཀྱུས་མ་ཞིག་ཡིན་པའི་ཚེ་གཡང་གིས་ལས་གཏོད་ཀྱི་འདུན་པ་བཅངས་ཏེ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ན་ལམ་ལྷོངས་ཀྱི་རྒྱ་མཚོའི་ཕ་མཐར་སྙེག་ཐུབ་པར་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
          ལོ་གསུམ་རིང་སློབ་ཆེན་སློབ་མ་དཀྱུས་མ་ཞིག་ཡིན་པའི་ཚེ་གཡང་གིས་ཁེ་ལས་ཐོག་མའི་ཚགས་ཚུད་པོ་མེད་པ་ནས་གོམ་པ་རིམ་བགྲོད་ཀྱིས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ་ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་270ལྷག་ཙམ་ཟིན་པའི་ཁེ་ལས་ཤིག་ལ་གྱུར་པར་བྱས་ཡོད།
          དཀའ་ཚེགས་ཆེ་བའི་ལས་གཏོད་ཀྱི་ལམ་བུ།
          2008ལོར་ཚེ་གཡང་བོད་ལྗོངས་སློབ་ཆེན་སྦྲག་ཁྲིད་ཆེད་ཚན་གྱི་སྲིད་འཛིན་དོ་དམ་ཆེད་ལས་ལ་རྒྱུགས་འཕྲོད།
          2011ལོར་ཚེ་གཡང་ལ་བོད་ལྗོངས་སློབ་ཆེན་སྲིད་འཛིན་དོ་དམ་ཆེད་ཚན་གྱི་སློབ་རྒྱུས་རག
          2014ལོར་ཚེ་གཡང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལམ་བུར་ཞུགས་འགོ་ཚུགས།
          ཐོག་མར་ལས་གཏོད་བྱེད་སྐབས་མཉམ་ལས་ཁང་ལ་མི་10ལས་མེད། ཁེ་ལས་ཀྱི་ཡོང་འབབ་སྔར་ལས་ཡག་ཏུ་སོང་བ་དང་སྦྲགས་མི་མང་པོ་ཞིག་གིས་མཉམ་ལས་ཁང་ལ་ཞུགས་འདོད་བྱེད་ཀྱི་ཡོད། ཚེ་གཡང་གི་སེམས་གཏིང་ལ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་སྙམ་པའི་བསམ་འདུན་ཞིག་ཡོད་པས། མཉམ་ལས་ཁང་ལ་ཞུགས་མཁན་ཡིན་ཕྱིན་འཇུག་རྐྱང་བྱེད་ཀྱི་ཡོད། དེས་ན་མྱུར་དུ་མཉམ་ལས་ཁང་ལ་ལས་ཞུགས་བྱེད་མཁན་མང་ཚོགས་95ཟིན་པ་དང་དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡོད།
          མི་མང་དུ་ཕྱིན་པས་དོ་དམ་ཡང་རྗེས་ཟིན་པ་བྱེད་དགོས། དེ་ལྟར་མ་བྱུང་ན་ལས་ཕྱོད་ལ་སྐྱོན་ཆེན་པོ་རྒྱག་སྲིད། ལས་གཏོད་ཀྱི་དཀའ་ཚེགས་རྣམས་རྒྱུན་ལྡན་གྱི་གནས་ཚུལ་ཞིབ་ཕྲའི་ཁྲོད་ནས་མངོན་ཡོང་གི་ཡོད་ཅིང་། དེ་དག་གི་སྐོར་གླེང་སྐབས་ཚེ་གཡང་གིས་ང་ཚོར་གཏམ་རྒྱུད་འདི་འདྲ་ཞིག་བཤད་པ་སྟེ།
          མཉམ་ལས་ཁང་གི་བཟོ་གྲྭ་རྒྱ་ཆེན་པོ་མེད་པས་མཉམ་ལས་ཁང་གི་ཁོངས་མི་མཉམ་ལས་ཁང་དུ་ལས་ཀ་བྱེད་པ་དང་རྒྱུ་ཆ་ཁྱེར་ནས་རང་ཁྱིམ་དུ་ལས་ཀ་བྱེད་པའི་ཚོགས་ཆུང་གཉིས་སུ་བགོས་ཡོད།
          ཐོག་མར་མང་ཚོགས་ཚོའི་ལས་ཀར་འགྲོ་བའི་འདུ་ཤེས་ཟབ་པོ་མེད་པ་དང་། རྒྱུ་ཆ་རང་ཁྱིམ་དུ་འཁྱེར་ནས་ལས་སྣོན་བྱེད་མཁན་མང་ཚོགས་རྣམས་ཀྱིས་ཁོམ་པ་ཡོད་དུས་ལས་སྣོན་བྱེད་པ་ལས་རང་ཁྱིམ་ལ་ལས་ཀ་ཡོད་ན་ཡུན་རིང་པོ་མཉམ་ལས་ཁང་གི་ལས་ཀ་སྒྲུབ་ཀྱི་མེད། ད་དུང་མི་ཁག་གཅིག་གིས་རྒྱུ་ཆ་རང་ཁྱིམ་ལ་འཁྱེར་ནས་ཟླ་བ་འགའ་ཤས་འགོར་ནའང་ཐོན་རྫས་འཁྱེར་ཡོང་གི་མེད་པས། ལས་ཕྱོད་ལ་སྐྱོན་བརྒྱབ་ཀྱི་ཡོད་པ་མ་ཟད། རྒྱུ་ཆའི་མ་དངུལ་འཁོར་སྐྱོད་ཐུབ་རྒྱུར་ཡང་སྐྱོན་ཆེན་པོ་བརྒྱབ་ཡོད།
          དེས་ཚེ་གཡང་ལ་སེམས་ཁྲལ་ཆེན་པོ་བཟོས་པར་བརྟེན་ཁོང་གིས་དཔྱད་གཞི་ལྟ་ཀློག་དང་དེ་སྔ་སྦྱངས་པའི་དོ་དམ་གྱི་གྱོད་དཔེ་ཁག་གཅིག་སྤྱད་དེ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་པས་བྱ་ཐབས་ཤིག་རྙེད།
          མཉམ་ལས་ཁང་དུ་ལས་ཀ་དང་རྒྱུ་ཆ་རང་ཁྱིམ་ལ་འཁྱེར་ནས་ལས་སྣོན་བྱེད་མཁན་གང་ཡིན་རུང་རྒྱུ་ཆ་བླངས་པའི་ཉིན་ནས་བརྩིས་ཏེ་གཏན་འབེབས་བྱས་པའི་དུས་ཚོད་ནང་ལས་ཀ་ཚར་ན་ལས་ཀའི་མང་ཉུང་ལ་གཞིགས་ནས་གླ་ཆ་ལེན་རྒྱུ་ཡོད་པ་མ་ཟད། བྱ་དགའི་དངུལ་ཡང་ཡོད་པ་དང་བྱ་དགའ་མང་ཤོས་སྐབས་ཟླ་གཅིག་ལ་སྒོར་1000ལྷག་ཙམ་ལེན་རྒྱུ་ཡོད། གལ་ཏེ་གཏན་འབེབས་བྱས་པའི་དུས་ཚོད་ནང་ལས་ཀ་ཚར་མེད་ན་བྱ་དགའ་མེད་པ་མ་ཟད། ད་དུང་གླ་ཆ་འཐེན་གྱི་ཡོད།
          པད་མ་ནི་མཉམ་ལས་ཁང་གི་ཁ་གདན་འཐག་མཁན་ཞིག་ཡིན་པ་དང་ཁོང་ནི་བྱ་དགའི་དངུལ་ལེན་མཁན་དང་པོ་དེ་ཡིན། ཁ་གདན་འཐག་མཁན་ཞིག་ཡིན་པའི་ཁོང་གིས་ཟླ་གཅིག་ཙམ་ལ་ཁ་གདན་ཞིག་འཐག་ཐུབ་པ་དང་ཁོང་ལས་ཀར་ཧུར་བརྩོན་ཆེ་བས་རྟག་ཏུ་ལས་ཀ་སྔ་སྣུར་དུ་ཚར་གྱི་ཡོད་པས། ཟླ་བ་ངོ་རེར་བྱ་དགའི་དངུལ་སྒོར་1000ལེན་རྒྱུ་ཡོད་པའི་ཁར་ཟླ་རེའི་གླ་ཆ་སྒོར་3800བསྣན་ན་ཟླ་གཅིག་ལ་ཡོང་འབབ་སྒོར་5000མ་ཟིན་ཙམ་ཡོད།
          ཚེ་གཡང་གིས་བོད་ཆས་ཚོང་ཁང་དང་ཇ་ཁང་ཁག་ལ་བསྐྱོད་དེ་མི་དང་འབྲེལ་འདྲིས་བཏང་ནས་ཅི་འཕྲོས་མོལ་འཕྲོས་བཤད་པས། རིམ་བཞིན་འདྲིས་པར་གྱུར་ཏེ་ཁོང་གིས“ཨ་ཅག་ལགས། ཁྱེད་རང་ནམ་ཀུན་པང་གདན་གང་འདྲ་མཆོད་རྒྱུར་མཉེས་པོ་ཡོད་དམ”ཞེས་རང་ཉིད་ཀྱི་དོགས་འཆར་དྲིས་པས།
          དིང་རིའི་བུད་མེད་དེས“ང་ཚོས་བཅིངས་པའི་པང་གདན་དེ་དག་པང་གདན་ཕལ་པ་ཤ་སྟག་རེད”ཅེས་ལན་བཏབ།
          ཡང་ཚེ་གཡང་གིས“ཁྱེད་ཚོ་པང་གདན་གྱི་ཁྲ་གང་དག་ལ་མཉེས་པོ་ཡོད་དམ”ཞེས་དྲིས་པར།
          དིང་རིའི་བུད་མེད་དེས“ང་ཚོ་ཁྲ་བབ་ཆགས་པོར་དགའ་པོ་ཡོད”ཅེས་ལན་བཏབ།
          དྲིས་ལན་དེ་དག་གི་ཁྲོད་ནས་ཚེ་གཡང་གིས་དིང་རིའི་པང་གདན་གྱི་ཁ་དོག་སྣུམ་པོ་ཡིན་སྟབས། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ལྷ་རྩེའི་པང་གདན་གྱི་ཚོན་མདོག་ཧར་པོར་དིང་རི་བས་དགའ་པོ་བྱེད་ཀྱི་མེད་པ་ཤེས། གནད་དོན་དེ་ཤེས་པས་ཚེ་གཡང་གིས་དིང་རིའི་པང་གདན་དང་སྣམ་བུ་བཟོ་གྲྭར་འཁྱེར་ནས་ཞིབ་འཇུག་བྱས་ཏེ་དིང་རི་བའི་བློ་ལ་བབས་པའི་ཐོན་རྫས་བཏོན་ཡོད། ད་ཆ་དིང་རི་དེ་ཉིད་ཚེ་གཡང་གི་བྲིན་ཚོང་ཁྲོམ་ར་གལ་ཆེན་ཞིག་ཏུ་གྱུར་ཟིན།
          སྐྱིད་སྡུག་འདྲེས་མའི་ལས་གཏོད་གཏམ་རྒྱུད།
          ཚེ་གཡང་གིས་ང་ཚོར་ཁོང་གི་སྐྱིད་སྡུག་འདྲེས་མའི་ལས་གཏོད་གཏམ་རྒྱུད་བཤད་པ་ལས་ལས་ཤིག་འགོ་བརྩམ་དུས་དཀའ་ངལ་ཆེ་བ་དང་། རང་ཁོ་ནར་བརྟེན་རྒྱུ་དེ་བས་དཀའ་བའི་གནས་ལུགས་ཤིག་རྟོགས་བྱུང་།
          གཞིས་ཆེན་ཤང་བལ་གྱི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དངོས་སུ་བསྐྲུན་རྗེས་ཚེ་གཡང་གིས་དང་ཐོག་མར་ཁེ་ལས་ཀྱི་འཚོ་ཐབས་ཏེ། ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་གྱི་གནད་དོན་བསམ་བློ་བཏང་།
          ཁེ་ལས་ཀྱི་ཐོན་རྫས་ལ་ཕྱིར་ཚོང་ཐབས་ལམ་མེད་ན་ཁེ་ལས་ཀྱང་འཚོ་ཐབས་བྲལ། ཁྲོམ་རའི་ཉམས་མྱོང་ཕྲན་བུ་ཡོད་པའི་ཚེ་གཡང་གིས་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་འཚོལ་རྒྱུ་ནི་དེ་སྔ་ཁྲོམ་འདོན་པ་དང་ཁྱད་པར་ཆེན་པོ་ཡོད་པ་ཤེས།
          དེ་སྔ་ཁོང་གིས་གྲོང་ཚོའི་ནང་གི་སྣམ་བུ་དང་། པང་གདན། ཕྱུ་པ་བཅས་ཉོས་ནས་འཚོང་སྐབས་ལམ་སེང་བྲིན་ཁ་མ་རྒྱུག་ནའང་ཐོན་རྫས་ཡག་པོ་ཡོད་ན་གང་ལྟར་བྲིན་སྲིད། ཡིན་ནའང་མཉམ་ལས་ཁང་ནི་སྒྲིག་འཛུགས་ལྡན་པའི་ཐོན་སྐྱེད་བྱེད་སྟངས་ཤིག་ཡིན་པ་དང་། ཐོན་འབོར་མང་བ་དང་མ་དངུལ་མཁོ་ཆེ་བས་གལ་ཏེ་ཐོན་རྫས་དུས་ཐོག་ཏུ་འཚོང་མ་ཐུབ་ཚེ་མ་དངུལ་མི་འདང་བའི་རྐྱེན་གྱིས་ཁེ་ལས་དཀའ་གནས་སུ་གྱར་ངེས་རེད།
          ཚེ་གཡང་གིས་རང་ཉིད་ཚོང་པ་ཞིག་ལ་བརྩིས་ནས་རླངས་འཁོར་བཏང་སྟེ་ལྷ་ས་ནས་གཞིས་རྩེ་བར་དང་། ལྷ་རྩེ་རྫོང་ནས་དིང་རི་རྫོང་བར། ས་ཁུལ་དང་གྲོང་ཁྱེར་རེ་རེ་བཞིན་དང་རྫོང་དང་ཆུས་རེ་རེ་བཞིན་དབར་ཁྲོམ་ར་འཚོལ་བར་འགྲོ་གི་ཡོད།
          གཟའ་འཁོར་ཁ་ཤས་སོང་རྗེས་ཚེ་གཡང་གི་ཐོན་རྫས་བྲིན་ཁ་དེ་ཙམ་རྒྱུག་པོ་མ་བྱུང་བ་དང་ཐ་ན་གཟའ་འཁོར་གཅིག་ནང་ཐོན་རྫས་གཅིག་ཀྱང་བྲིན་མེད། བྲིན་ཁ་མ་རྒྱུག་པར་བརྟེན་ཚེ་གཡང་ཡི་ཐང་ཆད། ཁོང་ལ་དཀའ་ངལ་འཕྲད་སྲིད་པའི་བསམ་བློ་འཁོར་མྱོང་ནའང་དཀའ་ངལ་ཆེན་པོ་འདི་འདྲ་འཕྲད་སྲིད་པ་བསམ་བློའི་ཡུལ་ལའང་མེད།
          ཉིན་འགའ་ཤས་རིང་། ཚེ་གཡང་གི་བསམ་བློར་གལ་ཏེ་ཐོན་རྫས་འཚོང་མ་ཐུབ་ཚེ་ལས་མི་ཚོར་གླ་ཆ་གང་འདྲ་བྱས་ཏེ་སྤྲོད་དགོས་སམ་སྙམ་པའི་སེམས་ཁྲལ་གྱིས་ཉལ་བའི་གཉིད་དང་ཟས་པའི་བཅུད་མེད་པར་གྱུར།
          སྐབས་དེ་དུས་ཚེ་གཡང་གིས་བཏང་བའི་ལས་གཏོད་མ་དངུལ་ཡང་མང་པོ་ལྷག་མེད་སྟབས། ཁོང་གིས་གཞིས་རྩེར་བཙུགས་པའི་སྒོ་རྩིས་ཚོང་ཁང་འཚོང་རྒྱུའི་བློ་ཐག་བཅད།
          ཨ་མ་པ་སངས་ཀྱིས་བུ་མོའི་བསམ་ཚུལ་ཤེས་རྗེས“ཁྱོད་ཀྱིས་སོ་སོར་བསམ་བློ་གཏོང་དགོས། སྒོ་རྩིས་ཚོང་ཁང་ནས་ལོ་ལྟར་ཁྱོད་ལ་ཡོང་འབབ་སྒོར་ཁྲི་7ནས་8བར་རག་སྲིད”ཅེས་ཁ་ཏ་བྱས།
          ཨ་མའི་སྐད་ཆས་ཚེ་གཡང་གི་ཆོད་སེམས་ལ་གཡོ་འགུལ་མ་ཐེབས་པར། ཁོང་གིས“ལས་གཏོད་བྱེད་དགོས་བསམ་ན་ཐེ་ཚོམ་བྱ་མི་རུང་། བློ་ཐག་གཅོད་མ་ཐུབ་ཚེ་ལས་ཀ་ཅི་ཡང་སྒྲུབ་མི་ཐུབ”ཅེས་བཤད།
          བློ་ཐག་བཅད་རྗེས་ཚེ་གཡང་གིས་སྒོ་རྩིས་ཚོང་ཁང་གང་མགྱོགས་བཙོངས་པ་དང་། དངུལ་སྒོར་ཁྲི་7བྱུང་བ་དེས་གནས་སྐབས་ཀྱི་དཀའ་གནད་བསལ།
          ཡིན་ནའང་དེས་གནས་ཚུལ་རྦད་དེ་ཐག་གཅོད་མི་ཐུབ་པས། གནད་དོན་གྱི་འགག་རྩ་ཐག་གཅོད་བྱེད་དགོས་ཚེ་ངེས་པར་དུ་ཁྲོམ་རའི་ཚོང་ལམ་ཡངས་པོ་དགོས། ཚེ་གཡང་གིས་རང་ཉིད་དེ་སྔ་གཞིས་རྩེར་སྣམ་བུ་འཚོང་སྐབས་རྐང་ཐང་ཁྲོམ་གཞུང་གི་ཚོང་པ་ཞིག་གིས་ཐོན་རྫས་ཡག་པོ་ཡོད་ན་དེ་གར་འཁྱེར་ཤོག་ཅེས་བཤད་པ་དྲན། ཚེ་གཡང་གིས་ཚོད་ལྟ་དང་སྦྲགས་ཚོང་ཁང་དེར་བསྐྱོད་དེ་ཚོང་པར་སྣམ་བུ་དང་། པང་གདན། ཕྱུ་པ་བཅས་འཚོང་ཐབས་བྱས། ལག་ཤེད་ཐོན་རྫས་དེ་དག་ལ་ཚོང་པ་ཡིད་ཧ་ཅང་མགུ་པོ་བྱུང་བ་དང་ཚེ་གཡང་དང་མགྱོགས་མྱུར་གན་རྒྱ་བཞག གན་རྒྱའི་དངུལ་གྲངས་ནི་མཉམ་ལས་ཁང་གི་ཟླ་བ་ཁ་ཤས་ཀྱི་ཐོན་འབོར་ཡིན་པ་རེད།
          བྲིན་ཚོང་ཐབས་ལམ་རྙེད་པ་དང་སྦྲགས་རེ་བའང་མཐོང་། འོན་ཀྱང་དཀའ་གནད་གཞན་ཞིག་ཀྱང་འཕྲད་པ་སྟེ། དང་ཐོག་ཕྱིར་ཚོང་ཐབས་ལམ་མེད་པར་བརྟེན་མཉམ་ལས་ཁང་ལ་ཟླ་རེར་གྱོང་གུན་སྒོར་ཁྲི་ཁ་ཤས་ཕོག་གི་ཡོད་པ་དང་། མི་གཞན་དང་བཞག་པའི་གན་རྒྱའང་དུས་ཚིགས་རེར་དངུལ་རྩིས་ཐེངས་རེ་ལས་རྒྱག་གི་མེད་པ་མ་ཟད་ཚེ་གཡང་གིས་བཏང་བའི་མ་དངུལ་ཚང་མ་བེད་སྤྱོད་བཏང་ཟིན་པས་ལས་མིའི་གླ་ཆའང་སྤྲོད་ཐུབ་ཀྱི་མེད།
          ཚེ་གཡང་སེམས་ཁྲལ་ཆེན་པོ་ལངས་ནས་ལྐོག་ཏུ་ཉལ་ཆས་ནང་ངུ་གི་ཡོད། སྐབས་དེ་དུས་ཁོ་མོར་གལ་ཏེ་ལས་ཁུངས་སུ་ལས་ཀར་བསྐྱོད་ཚེ་སེམས་ཁྲལ་འདི་འདྲ་བྱེད་དགོས་དོན་མེད་སྙམ་ནས་འགྱོད་པ་ཕྲན་བུ་སྐྱེ་ཡི་ཡོད།
          དཀའ་ངལ་ཆེ་ཤོས་སྐབས་སུ། ལྷ་རྩེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཚེ་གཡང་ལ་དངུལ་བུན་རེ་འདུན་ཞུ་རོགས་བྱས་ཏེ་དཀའ་གནད་ལས་སྒྲོལ།
          རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག་ཚེ་གཡང་ལ་འཕེལ་རྒྱས་གཏོང་བའི་ཡིད་ཆེས་སྐྱེས་པ་དང་འཕེལ་རྒྱས་གཏོང་བའི་བློ་སྟོབས་ཀྱང་འཕེལ་ནས་དཀའ་ངལ་ཁྱད་བསད་ཀྱིས་ཁྲོམ་ར་གཏོད་འགོ་ཚུགས།
          མང་ཚོགས་སྣེ་ཁྲིད་དེ་ལས་གཏོད་ཕྱུག་འགྱུར་བྱས་པ།
          ཁེ་ལས་འཕེལ་རྒྱས་གཏོང་སྐབས་ཚེ་གཡང་ལ་དཀའ་ངལ་སྣ་ཚོགས་འཕྲད་པ་དང་། དཀའ་ངལ་འཕྲད་རིམ་བཞིན་ཁོང་གིས“འདི་ནི་ང་རང་སོ་སོས་བདམས་པའི་ལམ་བུ་ཞིག་ཡིན་པས་མཐའ་འཁྱོངས་ཏེ་བསྐྱོད་དགོས། དེ་ལྟར་བྱས་ཚེ་མི་དེ་བས་མང་བར་རོགས་རམ་བྱེད་ཐུབ”ཅེས་སོ་སོར་སེམས་གསོ་གཏོང་གི་ཡོད།
          ད་ཆ། མཉམ་ལས་ཁང་གི་ལས་སྣོན་འཁོར་ཁང་ནང་བསྐྱོད་སྐབས་ལས་མི་མང་ཆེ་བ་བུད་མེད་དར་མ་དང་རྒན་རྒོན་ཡིན་པ་དང་ཚང་མ་དགའ་དགའ་སྤྲོ་སྤྲོས་ལས་ཀ་བྱེད་བཞིན་པ་ང་ཚོས་མཐོང་བྱུང་།
          2015ལོར། ལྷ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་མཉམ་ལས་ཁང་གི་ལས་མིར་གསོ་སྦྱོང་བྱེད་སྐབས་བསྟན་སྐྱིད་ཡང་ཡོད་པ་རེད། མཉམ་ལས་ཁང་དུ་ལོག་རྗེས་ཁོང་གིས་གསོ་སྦྱོང་ནང་སྦྱངས་པའི་ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་དཀའ་སྤྱད་འབད་བརྩོན་བྱས་མཐར་ལག་རྩལ་ཡག་པོ་ཆགས་ཡོད། ད་ཆ་བསྟན་སྐྱིད་ཡང་མཉམ་ལས་ཁང་གི་རྐང་འཛིན་པར་གྱུར་ནས་ཁ་གདན་རྦད་དེ་ཡག་པོ་འཐག་མི་ཐུབ་པ་ཕུད། དེ་མིན་གྱི་འཐག་རྩལ་བྱང་ཆུབ་པོ་ཡོད་པས། ཁོང་ལ་ཟླ་རེར་ཡོང་འབབ་སྒོར་3000ལེན་རྒྱུ་ཡོད།
          བསྟན་སྐྱིད་ཀྱིས་ང་ཚོར་རྨོ་བོ་ལགས་དགུང་ལོ་མཐོ་བར་བརྟེན་སྤུན་དོག་ལས་འཁེལ་མི་ཐུབ་ནའང་ཟླ་རེར་ཡོང་འབབ་སྒོར་1500ཡོད་ཅེས་བཤད་བྱུང་།
          ལྷ་རྩེ་རྫོང་གི་རྫོང་དཔོན་གཞོན་པ་ཕུའུ་ཞའོ་པིན་གྱིས་གསར་འགོད་པར་བརྗོད་དོན། མིག་སྔར་མཉམ་ལས་ཁང་དུ་ཁོངས་མི་102ཡོད་པའི་ནང་ནས་སློབ་གྲྭ་ཆེ་མོ་བ་7ཡོད་པ་དང་དེ་མིན་མང་ཆེ་བ་བུད་མེད་ཡིན་པ་དང་། ད་དུང་ཕྱིར་གླ་པར་སྐྱོད་མ་ཐུབ་པའི་བུད་མེད་དར་མ་དང་རྒན་རྒོན་ཡང་ཡོད།
          ད་ལོ་ལོ་40སླེབས་པའི་ཆུང་ལགས་ལ་ཕྲུ་གུ་གཉིས་ཡོད། དེ་སྔ་ཁོ་མོར་མོག་མོག་བཟོ་བའི་ལག་ཤེས་ལྡན་མོད། གཟུགས་པོས་རྐྱེན་པས་མུ་མཐུད་མོག་མོག་བཟོ་ཐབས་བྲལ་ནས་ཁྱིམ་གྱི་འཚོ་བ་ཇེ་ཞན་དུ་སོང་སྟེ་གྲོང་ཚོར་སྐད་གྲགས་ཆོད་པའི་དུད་ཚང་དབུལ་པོར་གྱུར།
          མཉམ་ལས་ཁང་བཙུགས་རྗེས་ཆུང་ལགས་ཀྱི་གནས་ཚུལ་ཤེས་ནས་ཚེ་གཡང་གིས་རང་འགུལ་ངང་ཁོ་མོའི་ཁྱིམ་དུ་ཡོང་སྟེ་མཉམ་ལས་ཁང་དུ་ཞུགས་རྒྱུའི་རེ་བ་བཏོན།
          ཚེ་གཡང་གི་ལྕག་སྐུལ་འོག་ཆུང་ལགས་མཉམ་ལས་ཁང་ལ་ཞུགས། ཁོ་མོའི་འཐག་རྩལ་བྱང་ཆུབ་པས་ཟླ་རེར་ཡོང་འབབ་སྒོར་2000ལྷག་བྱུང་། ད་ཆ་ཆུང་ལགས་ཁྱིམ་ལ་ཡང་འགྱུར་ལྡོག་ཕྱིན་ནས་འཛིན་ཆས་སྣ་ཚོགས་ཉོས་པ་མ་ཟད། ན་ནིང་བརྙན་འཕྲིན་ཆེན་པོ་ཞིག་ཀྱང་ཉོས།
          ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་མཚམས་གཅོད་ཀྱིས། གྲོང་མི་རྣམས་རང་ཡུལ་དུ་འཕེལ་རྒྱས་ཡོང་བ་བྱེད་པའི་ནང་ཐག་ཉེ་སར་སྟབས་བདེ་པོས་ལས་ཞུགས་ཐུབ་པ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ཡིན་པས། ཚེ་གཡང་གིས་མཉམ་ལས་ཁང་བཙུགས་པ་དེས་གྲོང་མི་རྣམས་གྲོང་ཚོར་ལས་ཞུགས་ཐུབ་སྟེ་ཕ་ཕུལ་ནས་མ་བྲལ་བར་ཡོང་འབབ་མང་དུ་གཏོང་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་བར། གྲོང་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བརྗོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716