སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྲོང་ཚོར་ཕེབས་མྱོང་ཡོད”
སྤེལ་དུས། 2017-05-10   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོའི་གཏམ་རྒྱུད། (སྟོད་ཆ)
ཉི་འོད་འོག་གི་བྲག་ཕྱི་གྲོང་ཚོའི་སྤྱི་ཁང་དེ་བས་མཛེས་སྡུག་རྣམ་པར་བཀྲ
          ཟླ་4པའི་ཉིང་ཁྲིར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་སྨུག་སྤྲིན་ལང་ལོང་དུ་རྒྱུ་བཞིན། གངས་ལྗོངས་ས་མཐོའི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་ཉམས་འགྱུར་ལྷག་པར་མངོན།
          འཕྲིན་སྤེལ་ཚོགས་ཆུང་དང་བཅས་པ་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་བྲག་ཕྱི་གྲོང་ཚོར་སླེབས་སྐབས་གནམ་གཤིས་ཧ་ཅང་ཡག་པོ་འདུག མེ་ཏོག་རྣམ་པར་བཀྲ་བའི་གྲོང་ཚོར་འབྱོར་སྐབས། བྲག་ཕྱི་གྲོང་ཚོའི་ཏང་ཡོན་རྙིང་པས་བཤད་པའི་སེམས་འགུལ་ཐེབས་འོས་པའི་གཏམ་རྒྱུད་རྙིང་པ་ཉན་པ་ནི་རྟ་བདུན་དབང་པོའི་ཟེར་འོད་སེམས་དབུས་སུ་འཕྲོ་བ་དང་གཉིས་སུ་མེད་པར་གནས་དེར་གསོན་ཤུགས་ཀྱིས་ཁེངས་པའི་རྒྱུ་མཚན་ཡང་དེ་ནས་ཚོར།
          ཟླ་ལུང་གི་མིག་ཆུ།
          གྲོང་ཚོར་འབྱོར་མ་ཐག འཕྲིན་སྤེལ་ཚོགས་ཆུང་དང་བཅས་པར་ཀོང་ཆས་སྤྲས་པའི་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྙིང་པ་ཟླ་ལུང་དང་འཕྲད། ཁོང་ལོ་ན་70ལ་སོན་རུང་སྙིང་སྟོབས་འཕེལ་བ་དང་སྐད་ཤུགས་ཡང་ཆེན་པོ་འདུག་པས། སྔར་སོང་གི་སྐོར་གླེང་སྐབས་བསམ་ཕྱོགས་གསལ་ལ་སྐད་ཆ་སྒྲ་དག་པོ་འདུག་པ་དེས་ང་ཚོ་ཁོང་གི་སྔར་སོང་འདས་དོན་ནང་འཁྲིད།
          “ང་ནི་བོད་རྙིང་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན། ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། བོད་རྙིང་པར་བྲག་ཕྱི་གྲོང་ཚོའི་ཞིང་བྲན་བདག་པོ་3གྱིས་ཞིང་བྲན་100ལྷག་ཙམ་ལ་བཤུ་གཞོག་དང་གཉའ་གནོན་བཏང་བ་མ་ཟད། ཁོང་ཚོ་སེམས་སྐྱིད་པོ་མ་བྱུང་ཚེ་ཁ་རྡུང་དང་། ཉེས་རྡུང་། རྡེག་པ་སོགས་བྱེད་པ་དང་ཁོང་གི་ཕ་རྒན་ཡང་ཞིང་བྲན་བདག་པོས་བརྡུངས་ནས་མིག་ཡ་གཅིག་ལོང་བར་གྱུར། འཚོ་བ་དཀའ་སྡུག་ཆེ་བའི་གནས་སུ་ལྷུང་ནས་བྲོས་བྱོལ་དུ་འགྲོ་རྩིས་བྱེད་སྐབས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས”ཞེས་ཟླ་ལུང་གིས་གསར་འགོད་པར་བཤད་བྱུང་། ངའི་ཨ་ཕས་གུང་ཁྲན་ཏང་ནི་ང་ཚོའི་ཁྱིམ་གྱི་སྲོག་སྐྱོབ་དྲིན་ཆེན་ཡིན། བཀའ་དྲིན་དེ་ང་ཚོས་མི་རབས་ནས་མི་རབས་བར་བརྗེད་མི་སྲིད་ཅེས་རྒྱུན་དུ་བརྗོད་ཀྱི་འདུག”ཅེས་ཟླ་ལུང་གིས་སེམས་འགུལ་ཐེབས་བཞིན་དུ་བཤད།
          དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཟླ་ལུང་གི་ཨ་ཕས་བྲག་ཕྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར། 1975ལོར་ཟླ་ལུང་གཟི་བརྗིད་ལྡན་པའི་ངང་དམག་ཁོངས་ནས་བྲག་ཕྱི་གྲོང་ཚོར་ཕྱིར་ལོག་བྱས། དེ་ནས་ཁོང་ཏང་ལ་ཞུགས་པ་མ་ཟད། ད་དུང་ཨ་ཕའི་ལག་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བླངས་ཏེ་ལོ་30འདས། ལོ་30ཡི་རིང་དོ་དོ་ནན་ནན་དང་ཧུར་ཐག་འབད་ཐག་གིས་གྲོང་མི་ཚོར་ཞབས་འདེགས་ཞུས་པ་དང་ཁོང་ཚོའི་སྣེ་ཁྲིད་ནས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་སྲིད་ཇུས་བཟང་པོ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁྱིམ་དར་ཕྱུག་འགྱུར་ལམ་དུ་བསྐྱོད་པས། བྲག་ཕྱི་གྲོང་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རླངས་འཁོར་གྲོང་ཚོ་དང“ཕྱུག་འགྱུར་གྲོང་ཚོར”གྱུར།
          ཟླ་ལུང་གི་དྲན་གསལ་ལ་མི་ཚེ་གཅིག་རིང་བརྗེད་ཐབས་བྲལ་བའི་མྱོང་ཚོར་ཐེངས་གཉིས་བྱུང་བ་སྟེ། ཐེངས་གཅིག་ནི་1966ལོའི་རྒྱལ་སྟོན་སྐབས་ཁོང་བོད་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱའི་འཐུས་མིའི་ངོས་ནས་རྒྱལ་ས་པེ་ཅིང་དུ་བསྐྱོད་པ་དང་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བྱམས་བརྩེའི་ངང་མཇལ་འཕྲད་གནང་། ཐེངས་གཞན་ཞིག་ནི་2011ལོའི་ཟླ་7ཚེས་21ཉིན་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་མཚམས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཆེད་མངགས་བྲག་ཕྱི་གྲོང་ཚོར་ཕེབས་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་སྐྱོང་སྐོར་གྱི་ལས་དོན་གནས་ཚུལ་ཤེས་རྟོགས་དང་བྱམས་བརྩེའི་ངང་གྲོང་མི་ཚོར་འཚམས་འདྲི་གནང་བ་རེད། གྲོང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་ཟླ་ལུང་གི་ལག་པ་ནས་འཇུས་ཏེ་ཁོང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཡང་ཞུས། ཟླ་ལུང་གིས་མིག་མཆི་མས་ཁེངས་བཞིན་སྐད་ཆ་ཇི་ལྟར་ཤོད་དགོས་མིན་མ་ཤེས་པར“གུང་ཁྲན་ཏང་ཐུགས་རྗེ་ཆེ། ཀྲུང་དབྱང་གི་དབུ་ཁྲིད་ཐུགས་རྗེ་ཆེ”ཞེས་ཡང་ཡང་བཤད།
          ལོ་འགའ་འདས་ཀྱང་རྒད་པོ་ཟླ་ལུང་གིས་བདེ་སྐྱིད་ལྡན་པའི་དུས་སྐབས་དེའི་སྐོར་གླེང་སྐབས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་ངོ་གདོང་ལས་བདེ་སྐྱིད་དང་སྤོབས་པ་མངོན།
          སྐལ་བཟང་དབང་ཕྱུག་གི་འཛུམ་མདངས།
          སྐལ་བཟང་དབང་ཕྱུག་དང་འཕྲད་སྐབས་ཁོང་གིས་གྲོང་མིའི་སྣེ་ཁྲིད་ནས་རི་ལྡེབས་སུ་ཤིང་འཛུགས་པའི་སྒང་རེད་འདུག བཙུགས་མ་ཐག་པའི་ཐང་ཤིང་སྡོང་རྐང་རེ་རེས་དྲོ་འཇམ་ཉི་འོད་དང་བསིལ་རླུང་གི་ཁྲོད་དུ་ང་ཚོར་མགོ་ལྕོག་ལྡེམ་པ་དང་ཡང་དག་མཚུངས།
          རྒད་པོ་ཟླ་ལུང་དང་མི་འདྲ་བར་སྤྱི་ཁྱབ་ཧྲུའུ་ཅི་ཐེངས་གཉིས་མཇལ་མྱོང་བའི་གྲོང་མི་སྐལ་བཟང་དབང་ཕྱུག་གིས་སྐབས་དེ་དུས་ཀྱི་བརྗེད་དཀའ་བའི་མྱོང་ཚོར་གླེང་སྐབས་ངོ་གདོང་ནས་འཛུམ་མདངས་འཕྱུར།
          “2011ལོའི་ཟླ་7ཚེས་21ཉིན་བློ་མཐུན་ཞི་ཅིན་ཕིང་ངའི་ཁྱིམ་དུ་ཕེབས་ནས་ནང་མི་རྒན་གཞོན་ཚང་མར་ཚེ་གང་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་བཞག་བྱུང་། ཁྱིམ་སྒོ་འཛུལ་མ་ཐག སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེ་ཆེན་པོས་ངའི་ཁྱིམ་གྱི་འཚོ་བའི་སྐོར་དྲིས་གནང་བ་མ་ཟད། ཐབ་ཚང་དུ་ཕེབས་ནས་རྫབ་རླངས་ཐབ་ཀྱི་མེ་སྤོར་ཞོར་གྲོང་གསེབ་ཀྱི་རྫབ་རླབས་བེད་སྤྱོད་སྐོར་གྱི་གནས་ཚུལ་ཤེས་རྟོགས་གནང་བ་མ་ཟད། འབྲུ་མཛོད་ལ་ཞིབ་ཕྲ་གཟིགས་པ་དང་ཕྱུར་བའི་བྲོ་བའང་མྱངས་གནང་། དེ་རྗེས་ཚོམས་ཆེན་དུ་ངའི་ནང་མི་དང་མཉམ་དུ་བཞུགས་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། བྲག་ཕྱི་གྲོང་ཚོའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་དགོངས་དོན་མཐའ་འཁྱོངས་དང་ཡུལ་བབ་ལ་བསྟུན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཐོག ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རོགས་བྱས་ཏེ་མི་སེར་རྣམས་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོང་བར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་བྱུང”ཞེས་སྐལ་བཟང་དབང་ཕྱུག་གི་སྐད་ཆ་ནི་སེམས་འགུལ་ཐེབས་པ་དང་སྤོབས་པ་བྱེད་འོས་པ་ཞིག་འདུག
          2015ལོའི་རྒྱལ་སྟོན་སྐབས་སྐལ་བཟང་དབང་ཕྱུག་རང་ལྗོངས་ཀྱི་གཞི་རིམ་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིའི་གྲས་ཤིག་ཡིན་པའི་ངོས་ནས་པེ་ཅིང་དུ་རྒྱལ་ཁབ་དབུ་བརྙེས་ནས་ལོ་66འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་ཏེ་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་མཇལ་འཕྲད་ཐེངས་གཅིག་གནང་། “སྤྱི་ཁྱབ་ཧྲུའུ་ཅིས་ང་ངོ་མཁྱེན་ཡོང་སྙམ་པ་བསམ་པའི་ཡུལ་ལས་འདས་སོང་། ཁོང་གིས་ཚུར་ཕེབས་ནས་ང་དང་བྱམས་བརྩེའི་བཀའ་མོལ་གནང་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་སྐལ་བཟང་དབང་ཕྱུག་གིས་བཤད།
          སྐལ་བཟང་དབང་ཕྱུག་དང་བྲག་ཕྱི་གྲོང་ཚོའི་ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཤིང་། སྐལ་བཟང་དབང་ཕྱུག་གིས་སྤྱི་ཁྱབ་ཧྲུའུ་ཅིར་སྙན་ཞུ་འབུལ་སྐབས་གྲོང་ཚོའི་ཏང་ཡོན་དཀྱུས་མ་ཞིག་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། བྲག་ཡིབ་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ངོས་ནས་ཁོང་གིས་རང་ཉིད་ཕྱུག་པོ་ཆགས་རྗེས་དཀའ་ངལ་ཡོད་པའི་མང་ཚོགས་གཉིས་ལ་རོགས་སྐྱོར་མཐའ་འཁྱོངས་ཀྱིས་ཁོང་ཚོར་སྔོག་འདྲུ་འཕྲུལ་འཁོར་གཏོང་སྟངས་དང་ཤིང་སོན་འདེབས་སྟངས་ལག་རྩལ་དམར་ཁྲིད་བྱས་པ་ཡིན་ཞེས་བཤད། ལོ་འགའ་འདས་རྗེས་སྐལ་བཟང་དབང་ཕྱུག་ཁྱིམ་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། ཁོང་གིས་རོགས་སྐྱོར་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་2ཀྱང་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།
          བུ་དྲུག་གི་བདེ་སྐྱིད་ལྡན་པའི་ཚོར་སྣང་།
          བྲག་ཕྱི་གྲོང་ཚོར་བཅར་འདྲི་བྱེད་སྐབས་གྲོང་ཚོ་དེ་གྲལ་སྒྲིག་ལ་མཛེས་ཉམས་ཀྱིས་ཡིད་དབང་འགུགས་པར་བྱེད། དུད་ཚང་ཚང་མའི་ཁང་པ་གྲལ་སྟར་བསྒྲིགས་པའི་བོད་བཟོའི་ཁང་པ་ཉིས་ཐོག་ཡིན་པ་དེ་དག་མེ་ཏོག་གི་ཁྲོད་དུ་དེ་བས་མཛེས་སྡུག་ལྡན། གྲོང་ཚོའི་གཙང་སྦྲ་དོད་ལ་རྒྱ་ཆེ་བའི་ཨར་འདམ་ལམ་བུ་བརྒྱུད་ང་ཚོ་གྲོང་མི་བུ་དྲུག་ཁྱིམ་དུ་འབྱོར། སྒོ་རའི་ནང་གི་ཀུ་ཤུའི་སྡོང་པོར་མེ་ཏོག་རབ་ཏུ་བཞད་པ་དང་པདྨ་སེར་པོའི་སྡོང་པོར་ཐིའུས་ཁེངས་ནས་འདུག
          སྔོ་ལྗང་ཅན་གྱི་སེ་བས་བརྒྱན་པའི་རྒྱལ་སྒོ་འཛུལ་བ་དང་སེམས་རྩ་འཁོལ་བའི་ཁྱིམ་བདག་གིས་ང་ཚོ“མ་འབོད་མགྲོན་པོ”རྣམས་ཁྱིམ་དུ་ཁྲིད་བྱུང་། གྲོང་མི་མང་ཆེ་བ་དང་འདྲ་བར་བུ་དྲུག་གི་ཁྱིམ་ལ་ཡང་འཁྱག་སྒམ་དང་། བརྙན་འཕྲིན། སྐུད་མེད་WIFIསོགས་དེང་རབས་གྱི་འཛིན་ཆས་ཆ་ཚང་ཡོད་པ་དང་། ཁྱིམ་གྱི་ཚོམས་ཆེན་དབུས་སུ་བཀལ་བའི་དབུ་ཁྲིད་ཀྱི་སྐུ་པར་དེས་ང་ཚོའི་མིག་དབང་ཡོངས་སུ་འཕྲོགས། བུ་དྲུག་གིས་སེམས་འགུལ་ཐེབས་བཞིན་དུ“བྲག་ཕྱི་གྲོང་ཚོའི་གྲོང་མི་ཞིག་གི་ངོས་ནས་ངས་སྤོབས་པ་ཆེ་ཤོས་ཕྱུག་པོ་ཆགས་པ་དེ་མིན། མ་གཞི་ངའི་ཁྱིམ་ལ་ལྕགས་གཞོང་རླངས་འཁོར་དང་། ཐོ་ཕྲུག འཇིབ་ཆུང་སོགས་གང་དགོས་ཡོད་པ་མ་ཟད། ལོར་ཡོང་འབབ་ཀྱང་སྒོར་ཁྲི་བཅུ་ཕྲག་འབབ་ཀྱི་འདུག་མོད། འོན་ཀྱང་གྲོང་ཚོའི་ནང་ནས་བརྩིས་ན་ཆུ་ཚད་འབྲིང་ཙམ་རང་རེད། དུས་རབས་བཟང་པོ་འདི་འདྲ་དང་། ཏང་དང་རྒྱལ་ཁབ་བཟང་པོ་འདི་འདྲ། སྲིད་ཇུས་བཟང་པོ་འདི་འདྲ་བཅས་དང་འཕྲད་པ་ནི་ངའི་སྤོབས་པ་ཆེ་ཤོས་རེད་འདུག་ལ། བློ་ཡང་ཧ་ཅང་བདེ་པོ་འདུག”ཅེས་བཤད།
          2011ལོའི་ཟླ་7པར་བློ་མཐུན་ཞི་ཅིན་ཕིང་བྲག་ཕྱི་གྲོང་ཚོར་ཕེབས་སྐབས། སྔོན་ལ་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་གྲོང་ཚོ་ཏང་ཀྲི་པུའི་འཛུགས་སྐྱོང་གནས་ཚུལ་ཤེས་རྟོགས་གནང་ཞིང་། གྲོང་ཚོ་ཏང་ཀྲི་པུའི་ཏང་ཡོན་36གིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ་དང་། ལྟ་བ་སྒྱུར་བར་སྣེ་ཁྲིད། ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱས་ཏེ་ཕྱུག་པོ་དེ་ཙམ་མེད་པའི་བྲག་ཕྱི་གྲོང་ཚོ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་པོའི་གྲོང་ཚོར་གྱུར་པ་གསན་རྗེས། ཞི་ཅིན་ཕིང་གིས་བྱེད་སྟངས་འདི་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་གནང་བ་དང་། ཏང་ཡོན་དེ་བས་མང་བ་ཕྱུག་འགྱུར་འཇོན་ཐང་ཅན་དུ་འགྱུར་བའི་འབད་བརྩོན་བྱེད་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་དེ་བས་མང་བ་ཏང་ཡོན་ལ་གསོ་སྐྱོང་བྱེད་དགོས་ཞེས་གསུངས།
          ད་ཆ་བྲག་ཕྱི་གྲོང་ཚོའི་ཏང་ཡོན་མི་གྲངས་41བར་མང་དུ་ཕྱིན་པ་དང་ཏང་ལ་གསར་དུ་ཞུགས་པའི་ཏང་ཡོན་ཚང་མ་ཕྱུག་འགྱུར་འཇོན་ཐང་ཅན་ཤ་སྟག་ཡིན་པ་མ་ཟད། དེ་སྔོན་གྱི་ཏང་ཡོན་རྙིང་པ་3ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྐྱོང་བྱས་ཡོད།
          བུ་དྲུག་གི་ཁྱིམ་ནས་ཐོན་སྐབས་ཁོང་གིས་གསར་འགོད་པ་སྒོ་ཁར་སྐྱེལ་ཞོར“ཁྱེད་ཚོས་མང་ཙམ་སྐྱོད་པ་དང་མང་ཚོགས་ཀྱི་སྙིང་གཏམ་མང་ཙམ་ཉོན་དང་། ཏང་གི་སྲིད་ཇུས་བཟང་པོར་ང་ཚོ་བློ་ཡིད་ཧ་ཅང་ཚིམས་པོ་འདུག་ལ། ང་ཚོའི་གྲོང་ཚོ་ཏང་ཀྲི་པུའུ་དང་ཏང་ཡོན་ཚོར་ཡང་བློ་ཡིད་ཧ་ཅང་ཚིམས་པོ་འདུག”ཅེས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716