སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བློ་བཟང་གིས་སྒོ་རའི་ནང་འབྲས་ཤིང་བཏབ་ནས་ཕྱུག་པོ་ཆགས་ཐབས་བྱས།
སྤེལ་དུས། 2017-04-25   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།

          དཔྱིད་ཀར་སེང་ཕྲོམ་གྱི་འབྲས་བུ་སྨིན་ནས་གང་སར་ཤིང་འབྲས་ཀྱི་དྲི་བསུང་འཐུལ་ཞིང་། འདི་ནི་མེ་ཏོག་རྫོང་བདེ་ཞིང་གྲོང་ཚོའི་བློ་བཟང་བཟའ་ཚོ་གཉིས་ཀྱིས་སེང་ཕྲོམ་འཐུ་བཞིན་པ།
          བཅར་འདྲི་ཚོགས་ཆུང་གིས་ལམ་བར་དུ་རབ་ཏུ་བཞད་པའི་མེ་ཏོག་ལ་བལྟ་བཞིན་མདུན་དུ་སྐྱོད་སྐབས་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་འབྱོར། དེ་གའི་ཡུལ་ལྗོངས་ཤིན་ཏུ་ཉམས་དགའ་ལ་ལྷག་པར་འབྲས་ཤིང་སྡོང་པོས་སྐྱེ་བོའི་འཚོ་བ་ཡག་ཏུ་གཏོང་ཞོར་ཁྱིམ་ཚང་ཀུན་ཕྱུག་པོ་ཆགས་པར་བྱེད་པའི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུར་གྱུར།
          ལོ་དྲུག་གོང་། མེ་ཏོག་རྫོང་བོད་སྐྱོར་ལས་བྱེད་པས“ཕྱུག་པོ་ཆགས་པ་བྱེད་དགོས་ན། སྔོ་ཚལ་ཁོ་ན་བཏབ་པས་མི་འགྲིག་པར་ཡོང་སྒོ་གསོག་པའི་ཤིང་འབྲས་སེང་ཕྲོམ་དང་། སྐྱུར་རྩི་ཆེན་པོ། ཁམ་བུ་སོགས་བཏབ་ན་ཡག་པོ་ཡོད”ཅེས་བདེ་ཞིང་གྲོང་ཚོའི་ཡུལ་མིར་དེ་ལྟར་ཐབས་ཤེས་བཏོན།
          བདེ་ཞིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་གིས་བོད་སྐྱོར་ལས་བྱེད་པའི་སྐད་ཆ་ཉན་རྗེས་སྒོ་རའི་ནང་གི་ཞིང་ཁར་ཡང་སྙིང་འབྲས་ཤིང་བཏབ་ན་ཡག་པའམ་ཡང་ན་མུ་མཐུད་ཚལ་བཏབ་ན་ཡག་པ་ཡོད་མེད་ཐད་མནོ་བསམ་བཏང་། 
          དེའི་ཚེ“ཤིང་འབྲས་བཏབ་ནས་ཡག་པོ་མ་སྐྱེས་པ་དང་འབྲས་བུ་མ་བཏགས་ན་ཅི་འདྲ་བྱེད་དགོས”ཞེས་བཟའ་ཟླ་ཅིན་ཧུང་གིས་མི་འདོད་པའི་རྣམ་འགྱུར་བསྟན།
          དེ་དུས་བློ་བཟང་ཁྱིམ་གྱི་སྒོ་ར་དེ་ཙམ་ཆེན་པོ་མེད་ནའང་། སྔོ་ཚོད་དང་། སུར་པན། རྡོ་ལུ་མ་སོགས་ཚལ་རིགས་མང་པོ་བཏབ་ནས་རང་ཉིད་ལ་འདང་བ་ཡོད་པ་མ་ཟད། ལྷག་མ་ཕྱིར་བཙོངས་ནས་ཁྱིམ་གྱི་ལག་དངུལ་ཡང་ཡོང་གི་ཡོད།
          བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་རྗེས་བློ་བཟང་གིས་སྔོ་ཚལ་བཏབ་པས་ཁྱིམ་གྱི་མི་ལྔའི་རྒྱུན་གཏན་གྱི་འཚོ་བ་འཕྱིད་ཙམ་ལས་མེད་པས། ཁྱིམ་མིའི་འཚོ་བ་སྔར་བས་སྐྱིད་པ་ཞིག་སྐྱེལ་བ་ཧ་ཅང་དཀའ་བར་བསམས་ནས་འཕྲལ་མར་བཟའ་ཟླས་ངོ་རྒོལ་བྱས་པར་མ་བལྟོས་པར་སྒོ་རའི་ཚལ་ཞིང་དུ་སྔོ་ཚལ་འདེབས་མཚམས་བཞག་སྟེ་སེང་ཕྲོམ་སྡོང་པོ་40ལྷག་བཏབ་པ་རེད།
          སེང་ཕྲོམ་བཏབ་ནས་ལོ་གསུམ་ཕྱིན་པ་དང་འབྲས་བུའང་ལོ་གསུམ་ཐོགས། ཐོག་མར་བློ་བཟང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་ལས་ད་ཆའི་འབྲས་བཟང་འདི་འདྲ་ཐོབ་ཡོད། 2016ལོར་ཤིང་འབྲས་སེང་ཕྲོམ་བཏབ་ནས་ཁེ་བཟང་སྒོར་ཁྲི་ལ་ཉེ་བ་འབྱུང་བའི་སྐབས། “ད་ཆ་བཏབ་པའི་སེང་ཕྲོམ་སྔོ་ཚལ་ལས་ཡོང་སྒོ་མང”ཞེས་བློ་བཟང་གིས་དགའ་སྣང་ཆེན་པོས་གསར་འགོད་པར་བཤད།
          མི་སེར་ཚོའི་ཚོང་གཉེར་གྱི་བསམ་བློ་རྗེས་ལུས་ལ་འགྱུར་ལྡོག་བཏང་ནས་ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། བོད་སྐྱོར་ལས་བྱེད་པ་དང་བློ་བཟང་གིས་མང་ཚོགས་ལ་ཤིང་འབྲས་འདེབས་པའི་སྐུལ་སློང་བྱས་པ་དང་། བོད་སྐྱོར་ལས་བྱེད་པའི་རོགས་རམ་ལ་བརྟེན་ནས་སྡོང་ཕྲུག་དབོར་བ་དང་། ས་དོང་དུ་འདེབས་པ། རྩྭ་ངན་འཐུ་བ་དང་ལུད་རྒྱག་པ་སོགས་བྱས་ནས་གྲོང་ཚོའི་ཁྱིམ་ཚང་ཚང་མས་སེང་ཕྲོམ་བཏབ་ཅིང་། ད་ཆ་འབྲས་བུ་ཐོགས་པའི་ནམ་དུས་ཡིན་པས། སེང་ཕྲོམ་སྡོང་པོའི་ལོ་འདབ་རྒྱས་པ་དང་ཡལ་ཕྲན་ནས་འབྲས་བུ་ཁུར་དུ་དུད་དེ་གྲོང་སྡེར་སེང་ཕྲོམ་གྱི་དྲི་བསུང་ངང་གིས་འཐུལ་འོང་། “བྲོ་བ་ཞིག་གཟིགས་དང་། འབྲས་བུ་འདི་དག་ལ་ཞིང་སྨན་གཏན་ནས་མེད”ཅེས་བློ་བཟང་གིས་སེང་ཕྲོམ་སེར་པོ་འགའ་བཏུས་ནས་གསར་འགོད་པར་སྤྲད་བྱུང་།
          བློ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སེང་ཕྲོམ་བཏབ་ནས་ཡུལ་མིར་ཡོང་སྒོ་མི་ཉུང་བ་ཞིག་བྱུང་ནའང་། སེང་ཕྲོམ་འདེབས་པ་དང་གཞི་ཁྱོན་ཆེན་པོར་དོ་དམ་བྱེད་པའི་ཐད་ད་དུང་ཡར་རྒྱས་གཏོང་དགོས། ཁོང་གིས་མདུན་གྱི་སེང་ཕྲོམ་ལྡུམ་རར་མཛུབ་མོ་བཙུགས་བཞིན་དུ “སེང་ཕྲོམ་སྡོང་ཕྲུག་ལ་ང་ཚོས་རྩྭ་ངན་བཏུས་ནས་གཡོག་བྱས་ཀྱང་། སྡོང་པོ་ཆེན་པོ་ཆགས་རྗེས་གཡོག་བྱེད་ཁག་པོ་འདུག དེས་མ་ཚད་གྲོང་ཚོའི་ཡུལ་མི་མང་པོས་སྡོང་པོའི་ལོ་འདབ་སྟུག་ན་ཤིང་འབྲས་མང་པོ་གདགས་པར་འགྱུར་བར་བསམས་ནས་ཡལ་གཅོད་བྱེད་ཀྱི་མེད་པས། འབྲས་བུ་ཐོགས་ཉུང་དུ་སོང་ལ་སྤུས་ཀའང་དེ་ཙམ་ཡག་པོ་ཡོང་གི་མི་འདུག”ཅེས་བཤད།
          “དེར་བརྟེན་གྲོང་ཚོས་ལག་རྩལ་པ་གྲོང་ཚོའི་སེང་ཕྲོམ་སྡོང་པོར་ཡལ་གཅོད་བྱེད་པར་སྐད་བཏང་བ་མ་ཟད། ཡུལ་མི་ཚོར་འབྲས་ཤིང་འདེབས་སྟངས་ལག་རྩལ་ཆ་ལག་ཚང་བ་ཁྲིད་པ་རེད”ཅེས་བློ་བཟང་གིས་མུ་མཐུད་བཤད།
          བློ་བཟང་གི་སྒོ་རའི་ནང་དུ་སེང་ཕྲོམ་ཙམ་མ་ཟད། ད་དུང་ཚ་ལུ་མ་དང་། བུར་ཤིང་སོགས་ཀྱང་བཏབ་ཡོད། ལོ་ལྟར་འབྲས་བུ་ཐོགས་པའི་སྐབས། སྒོ་རའི་ནང་དུ་སྡོང་པོའི་ཡལ་འདབ་རྒྱས་པ་དང་། དྲི་བསུང་གང་སར་འཐུལ་བ། འབྲས་བུའི་མགོ་བོ་དུད་པ་མ་ཟད། དེ་མོས་བྱ་ཕྲུག་དང་མཉམ་དུ་ཤིང་འབྲས་སྡོང་པོའི་འོག་ཟས་བཟའ་བ་དང་རང་དགར་རྒྱུ་བའི་ངང་ཚུལ་དག་གིས་ད་ཆ་བདེ་ཞིང་གྲོང་ཚོའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་པ་མཐོང་བྱུང་།


 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716