སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ།
སྤེལ་དུས། 2017-05-31   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“དུད་ཚང་ཚང་མར་ཏང་ཡོན་རེ་ཡོད་པའི་གྲོང་ཚོ”སད་སྒོ་རའི་སྐོར་གྱི་འཕྲིན་སྤེལ་གསུམ་པ།
          སྔོ་ལྗང་རི་ཆུ་བསྲུངས་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་སེམས་ནང་ཉར།
          ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི“དུད་ཚང་ཚང་མར་ཏང་ཡོན་རེ་ཡོད་པའི་གྲོང་ཚོ”དང་པོ་སད་སྒོ་རས“ཀྲི་པུའུ་དང་། ཏང་ཡོན། ཁྱིམ་ཚང”བཅས་ཟུང་དུ་འབྲེལ་བའི་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱེད་སྟངས་ལ་བརྟེན་ནས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་36གི་ཞིང་འབྲོག་མང་ཚོགས་172ཀྱི་སྣེ་ཁྲིད་དེ་དེ་སྔའི་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་བློ་རིག་དང་འབད་འཐབ་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད།
          མཆོག་ཚེ་རིང་དང་གྲོང་ཚོ་ཨུ་ལྷན་དང་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་དང་ཆུ་མཐོང་ཐུབ་པ་བྱས་ཏེ་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་སེམས་ནང་ཉར”ཞེས་པའི་བཀའ་མོལ་བློ་ལ་བརྟན་པོར་ངེས་ཡོད།
          སད་སྒོ་རའི་རི་ཀླུང་ཀུན་གཡུ་ལྟར་སྔོ་ལ་རྩྭ་དང་རྩི་ཤིང་རབ་ཏུ་སྟུག་པ་དང་ཆུ་མོ་དྭངས་ཤིང་གཙང་བ་ཞིག་ཡོད། ཤང་ཤང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་སད་སྒོ་རའི་མི་རྣམས་བརླན་གྱིས་བསྐྱངས་ཡོད།
          སད་སྒོ་ར་ནི་དད་ལྡན་མང་ཚོགས་ཆོས་འཇལ་དུ་འགྲོ་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་དང་ནགས་ཚལ་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་ཡང་སེ་ཐོན་གྱི་ཡོད། ད་ཆ་རིམ་བཞིན་འབྱོར་པ་རྒྱས་པའི་སད་སྒོ་ར་བ་ཚོས་ཡུལ་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་རྒྱུ་བརྗེད་མེད། 2014ལོའི་ཟླ་1པོར་གྲོང་ཚོའི་ཏང་ཀྲི་པུའི་འབོད་སྐུལ་དང་སྣེ་ཁྲིད་འོག་གྲོང་ཚོའི་ཏང་ཡོན་གཞོན་ནུ་24ཡིས་རང་མོས་ངང་སྨན་རི་ཤང་གི་ཏང་ཡོན་འོས་འགན་མེ་ཟོན་རུ་ཁག་དང་པོ་དེ་བཙུགས། མེ་ཟོན་རུ་ཁག་གིས་དགུན་ཨ་རང་ད་རང་དང་དབྱར་ཚ་བ་ཆེ་བའི་དུས་སུའང་སྦྱོང་བརྡར་བྱས་ནས་རྩལ་ནུས་བྱང་ཆུབ་པ་སྦྱངས་མཐར་སྨན་རི་ཤང་གི་ཆེད་ལས་དང་འདྲ་བའི་མེ་ཟོན་དཔུང་ཁག་ཅིག་ཏུ་གྱུར་ཡོད།
          ཁོང་ཚོས་གཟའ་འཁོར་རེར་ཤང་དེ་ཡོངས་ཀྱི་གྲོང་ཚོ་དང་རི་དང་ནགས་ཚལ་དུ་སྐོར་ཞིབ་ཐེངས་རེ་བྱས་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཀྱི་ཡོད། ཏང་ཡོན་འོས་འགན་མེ་ཟོན་རུ་ཁག་ལ་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། ཆུས་ནགས་ལས་ཅུས་ཀྱིས་ཆེད་མངགས་མེ་ཟོན་རུ་ཁག་ལ་མེ་ཟོན་རླངས་འཁོར་དང་། མེ་ཟོན་གྱོན་ཆས། ཆུ་མདའ། སྦུད་འཁོར། སྣུམ་སྒུལ་སོག་ལེ་སོགས་ཀྱི་སྒྲིག་ཆས་སྤྲད་པ་རེད། ཏང་ཡོན་འོས་འགན་མེ་ཟོན་རུ་ཁག་བཙུགས་པ་ནས་བཟུང་སྔ་རྗེས་སུ་ནགས་ཚལ་མེ་སྐྱོན་ཐེངས་2བསལ་བ་དང་མི་སེར་གྱི་ཁང་པའི་མེ་སྐྱོན་ཐེངས་གཅིག་བསལ་བ་རེད།
          སད་སྒོ་རའི་ཡུལ་མི་སྤུན་མཆེད་ཚོས་ཏང་ཡོན་མེ་ཟོན་རུ་ཁག་ནི་སད་སྒོ་རའི“སྲུང་མ”ལྟ་བུ་ཡིན། ཁོང་ཚོས་སྨན་རི་ཤང་གི་རི་ཀླུང་ཀུན་དང་རྩྭ་རྩི་ཤིང་སྲུང་བ་མ་ཟད་ཤང་དེ་ཡོངས་ཀྱི་མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཀྱང་སྲུང་གི་ཡོད་ཅེས་ཤོད་ཀྱི་འདུག
          དེ་སྔའི་སད་སྒོ་རའི་ཁོར་ཡུག་འཕྲོད་བསྟེན་སྐོར་གླེང་སྐབས་མཆོག་ཚེ་རིང་གིས“སྐབས་དེ་དུས་མི་ཕྱུགས་སྟེང་ཤོད་གཉིས་སུ་སྡོད་ཀྱི་ཡོད་པས་སྒོ་རའི་ནང་རྫབ་དྲི་ཁ་བ་དང་། དབྱར་ཁ་ཤར་སྐབས་ཁང་པའི་ནང་སྦྲང་བུས་ཁེངས་ཀྱི་ཡོད། ད་དུང་གྲོང་ཚོའི་ནང་གི་ལམ་བུར་གནམ་དྭངས་དུས་ཐལ་བ་འཕྱུར་བ་དང་ཆར་པ་འབབ་སྐབས་འདམ་རྫབ་ཀྱིས་བསྐྱོད་དཀའ་བར་གྱུར་གྱི་ཡོད”ཅེས་དྲན་གསོ་བཞིན་བཤད།
          2013ལོའི་ཟླ་9པར། སད་སྒོ་ར་གྲོང་ཚོས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཁག་བདུན་པའི“འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི”འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་བྱས་ཏེ“གཞི་རིམ་གྱི་སྒྲིག་བཀོད་ཆ་ལག་ཚང་བ་དང་། ཁོར་ཡུག་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་ཚོའི་རྣམ་པ་གཙང་ཞིང་མཛེས་པ། ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ”བཅས་བོད་དང་ཉིང་ཁྲིའི་ཁྱད་ཆོས་ཀྱིས་ཕྱུག་པའི་སྣོད་བཅུད་རྣམ་པའི་གྲོང་ཚོ་འཛུགས་སྐྲུན་གྱི་ཚད་གཞི་གཞིར་བཟུང་། ལྕགས་རི་བསྐོར་བ་དང་། ཨར་འདམ་ལམ་བུ་འདིང་བ། མི་ཕྱུགས་ལོགས་སུ་དབྱེ་བ་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་དུས་གཅིག་ཏུ་ལག་ལེན་བསྟར་བ་རེད།
          2015ལོར་སད་སྒོ་ར་གྲོང་ཚོས་སྨན་རི་ཤང་གི“མི་ཕྱུགས་ལོགས་དབྱེའི”ལས་གྲྭ་དང་པོ་དེ་བསྐྲུན་ཟིན་ཡོད། སྣོད་བཅུད་གསོ་ཚགས་ཁུལ་ཆུང་དུ་ཕྱུགས་རིགས་མི་འདྲ་བ་གསོ་ཚགས་བྱ་ཡུལ་བཞི་གྲལ་སྟར་སྒྲིག་པོར་གནས་པ་གསར་འགོད་པས་མཐོང་བྱུང་། ཉིན་མོ་གྲོང་མི་ཚོས་རེས་མོས་ཀྱིས་ཕྱུགས་འཚོ་བར་འགྲོ་བ་དང་། ས་སྲོས་སུ་ཕྱུགས་རིགས་རྣམས་གསོ་ཚགས་ར་བར་གཅིག་སྡུད་ཐོག་འཇུག་གི་ཡོད། “མི་ཕྱུགས་ལོགས་སུ་དབྱེ་བ་དེས་མང་ཚོགས་ཀྱི་གསོ་ཚགས་དགོས་མཁོ་བསྐངས་པ་དང་གསོ་ཚགས་ཐོན་ལས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལའང་སྐུལ་མ་ཐེབས་པ་མ་ཟད་གྲོང་ཚོའི་ཁོར་ཡུག་གི་གཙང་སྦྲའང་ཧ་ཅང་ལེགས་སུ་ཕྱིན་སོང”ཞེས་གསོ་ཚགས་ར་བར་དོ་དམ་བྱེད་མཁན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་ཀྱིས་དེ་ལྟར་བཤད།
          འབྱོར་འབྲིང་ལམ་བུའི་ཐོག་མི་སུ་ཞིག་ཀྱང་རྗེས་སུ་ལུས་མི་རུང་།
          “ང་ཚོའི་གྲོང་ཚོ‘ཁྱིམ་ཚང་ཆེ་མོ’ཞིག་ཡིན་པས་འབྱོར་འབྲིང་ལམ་དུ་བསྐྱོད་ཚེ་ནང་མི་ཚང་མ་འཛོམས་དགོས”མཆོག་ཚེ་རིང་གི་སྐད་ཆ་དུམ་བུ་འདི་ནི་སད་སྒོ་ར་གྲོང་ཚོའི་ཞིང་འབྲོག་མང་ཚོགས་172ཀྱི་སྙིང་གཏམ་ཡང་ཡིན།
          མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ཟླ་བ་མཆོག་སྔོན་མ་གྲོང་ཚོའི་ནང་སྐད་གྲགས་ཡོད་པའི“ར་བཟི་བ”ཡིན་པས། ཁྱིམ་གྱི་ལོ་རེའི་ཡོང་འབབ་སྒོར་4000ལས་མེད་པ་དེའང་ཚང་མ་ཆང་རག་ལ་སྐྱེལ་གྱི་ཡོད། ཁྱིམ་ནང་གཙང་སྦྲ་དོད་པོ་མེད་པ་དང་དབུལ་ཞིང་ཕོངས་པས་ལྟོ་དུས་གཅིག་ཡོད་ཀྱང་ལྟོ་དུས་རྗེས་མར་སེམས་ཁྲལ་བྱེད་དགོས་འཁེལ་གྱི་ཡོད། གློག་རིན་སྤྲོད་མི་ཐུབ་པ་བརྗོད་མེད་ཡིན་པ་མ་ཟད། ཐ་ན་བྲག་ཡིབ་གྲོང་རྡལ་དུ་སློབ་ཆུང་འགྲིམ་བཞིན་པའི་བུ་མོ་གཟའ་མཇུག་ནང་ལ་ལོག་སྐབས་ཀྱི་བདལ་གླ་ཡང་བསྐུར་རྒྱུ་མེད་པར་སྡོད་ཀྱི་ཡོད་པས། བཟའ་ཟླ་འུ་ཐུག་ཐབས་ཟད་གནས་ལ་གྱར་ནས་ཁ་འབྲལ།
          མཆོག་ཚེ་རིང་དང་གྲོང་ཚོའི“ཨུ་ལྷན”གཉིས་ཀྱིས་གནས་ཚུལ་དེ་དག་མཐོང་སྐབས་སེམས་ཁྲལ་ཆེན་པོ་སྐྱེས། ཚང་མས་གྲོས་བསྡུར་བྱས་མཐར་ཁོང་དང་ཀྲི་པུའུ་ཨུ་ཡོན་འགའ་ཤས་ཀྱིས་ཟླ་བ་མཆོག་ཁྱིམ་གྱི་ཞིང་ལས་བྱ་རྒྱུའི་འགན་བླངས། ནམ་རྒྱུན་ཁོམ་པ་ཡོད་རིམ་བཞིན་ཁོང་ཚོས་ཟླ་བ་མཆོག་གི་ཁྱིམ་ལ་གཙང་སྦྲ་བྱེད་རོགས་བྱེད་པར་བསྐྱོད་ནས་ཁོང་དང་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱི་ཡོད། ཏང་ཡོན་ཚོས་རོགས་པ་ཡུན་རིང་བྱས་པ་བརྒྱུད་ཟླ་བ་མཆོག་གིས་ཆང་རག་བཅད་ནས་ཞིང་ལས་ལ་གཞོལ་བས་དུས་ཡུན་རིང་པོ་མ་སོང་བར་ཞིང་ལས་མཁས་པ་ཞིག་ཆགས་པ་དང་ད་དུང་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཀྱང་བསྐྱལ་བ་རེད། 2013ལོའི་ཟླ་7པར་ཟླ་བ་མཆོག་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་ཀྲི་པུའི“གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་དང་འགན་འཁྲི་གཏན་འཁེལ”བྱེད་པའི་ཁྲོད་གྲོང་ཚོའི་གཙང་སྦྲ་འཕྲོད་བསྟེན་གྱི་ལྟ་སྐུལ་པའི་འགན་འཁུར་ཡོད། ཁོང་གི་འབོད་སྐུལ་འོག་གྲོང་ཚོ་ཨུ་ལྷན་གྱིས་གཟའ་ཟླ་བར་གྲོང་ཚོའི་ཁོར་ཡུག་གཙང་མ་བཟོ་བའི་ལམ་ལུགས་ལག་ལེན་བསྟར་ཡོད།
          ཀུ་ཤུའི་སྡོང་ཕྲུག་ལ་ས་སྐྱོར་རྒྱག་བཞིན་པའི་སྐྱེས་པ་ཐང་ཤ་དོད་པོ་དེས་གསར་འགོད་པ་མཐོང་སྐབས་“གྲོང་ཚོའི་ཏང་ཀྲི་པུའི་རོགས་པ་མེད་ན་ད་ཆ་ང་འདི་འདྲ་ཆགས་མི་སྲིད”ཅེས་ཤོད་བཞིན་མིག་ལས་མཆི་མ་ཤོར། ན་ནིང་ཟླ་བ་མཆོག་ཁྱིམ་ལ་ཐོབ་ཆ་སྒོར་ཁྲི་5རག་པ་ནི་ལོ་5ཡི་གོང་གི་ལྡབ་12ཡིན་པ་རེད།
          ལྷན་སྐྱེས་ནད་ཕོག་པའི་ཁྱི་སྐྱག་ནི་ནད་ཀྱི་རྐྱེན་པས་དབུལ་པོར་གྱུར་པའི་སད་སྒོ་ར་གྲོང་ཚོའི་དུད་ཚང་དབུལ་པོ་6གི་གྲས་ཤིག་ཡིན། ཁྱིམ་ལ་ས་ཞིང་མུའུ་30ལྷག་ཙམ་ཡོད་པ་དེ་དག་དཔྱིད་རྨོད་དཔྱིད་འདེབས་དང་། ཞིང་ནང་གཡོག་བྱེད། སྟོན་བསྡུ་སོགས་ཚང་མ་གྲོང་ཚོའི་ཏང་ཡོན་གྱིས་བྱེད་པ་དང་ལོ་རེའི་འཕྲུལ་ཆས་དང་མིའི་གླ་ཆ་སྒོར་2500ཚང་མ་གྲོང་ཚོ་མཉམ་སྡེབ་ཀྱིས་སྤྲོད་ཀྱི་ཡོད། མཆོག་ཚེ་རིང་གིས་ཉེ་བའི་ལོ་གཉིས་ནང་གྲོང་ཚོའི་མཉམ་སྡེབ་ཀྱིས་ལོ་ལྟར་གྲོང་མི་དབུལ་པོར་ཁ་གསབ་སྒོར་3300ལྷག་ཙམ་སྤྲོད་པའི་ཁར་སྲིད་ཇུས་ཀྱི་ཁ་གསབ་སྣ་ཚོགས་བསྣན་ན་དུད་ཚང་དབུལ་པོའི་མི་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་5200ལྷག་ཙམ་བྱུང་ཡོད་ཅེས་བཤད།
          ཁྱི་སྐྱག་གིས་མང་ཚོགས་ལ་ནད་ཕོག་སྐབས་སེམས་ཁུར་བྱེད་མཁན་དང་དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་མཁན་ཡོད་པ་དང་དུས་ཆེན་སྐབས་འཚམས་འདྲིར་ཡོང་གི་ཡོད་པ་མ་ཟད། ད་དུང་ཟླ་རེའི་ཚེས་10ཉིན་གྱི“ཏང་ཡོན་གྱི་གཏན་འཇགས་བྱེད་སྒོའི་ཉིན་མོར”དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱ་རྒྱུ་ནི་སད་སྒོ་ར་གྲོང་ཚོའི་སྐྱེ་བོ་ཀུན་གྱིས་ཤེས་པའི“གྲོང་སྲོལ”ཞིག་རེད་ཅེས་བཤད། དཔལ་ལྡན་ནི“རང་བྱུང་ནགས་སྲུང”འདུ་འགོད་སྤེལ་སྐབས་ཆབ་མདོ་ནས་སད་སྒོ་ར་གྲོང་ཚོར་སྤོས་པ་ཞིག་ཡིན། ན་ནིང་ཟླ་7པར་པད་ཁ་བསྡུ་བའི་དུས་སུ་དཔལ་ལྡན་ལ་ནད་གཞི་ལྕི་པོ་ཞིག་ཕོག་ནས་སྨན་ཁང་དུ་ལུས། སེར་ཆེམ་ཆེམ་གྱི་པད་ཁ་མུའུ་6ལྷག་ཙམ་ལ་ལྟ་བཞིན་དཔལ་ལྡན་གྱི་བཟའ་ཟླ་སེམས་ཁྲལ་གྱིས་ཁེངས། གྲོང་ཚོར་ཡོད་པའི་ཏང་ཡོན་དང་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་31གིས་གནས་ཚུལ་དེ་གོ་རྗེས་རང་ཁྱིམ་གྱི་ཞིང་ལས་བྱེད་འཕྲོ་བཞག་ནས་མ་གྲོས་གཅིག་མཐུན་ངང་དཔལ་ལྡན་གྱི་བཟའ་ཟླར་པད་ཁ་བརྔ་རོགས་བྱེད་པར་འོང་བ་དང་པད་ཁ་ཚང་མ་བརྔས་རྗེས་ཁོང་ཁྱིམ་ལ་བསྐྱལ་ཡོད།
          གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བྲག་ཡིབ་ཆུས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་2བརྗེད་མེད། ལོ་རེའི་ཀོང་པོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་འཆར་སྐབས་བསྙེན་བཀུར་ལྟེ་གནས་སུ་ཡོང་ནས་ཁོང་ཚོར་འཚམས་འདྲིའི་དངུལ་སྒོར་1000དང་དེ་བཞིན་གྱོན་ཆས་དང་བཟའ་བཅའ་སོགས་འཚམས་འདྲིའི་དངོས་པོ་བསྐྱལ་ཏེ་རྒན་རྒོན་ལ་གྲོང་ཚོ་མཉམ་སྡེབ་ཀྱིས་སེམས་ཁུར་བྱེད་ཀྱི་ཡོད་པ་ཚོར་དུ་འཇུག་གི་ཡོད།
          ན་ནིང་ཟླ་3པར་ཏང་ཡོན་མིག་དམར་གྱི་བཟའ་ཟླར་ནུ་མའི་འབྲས་སྐྲན་ཡོད་པ་བརྟག་དཔྱད་ཐུབ་པས་འཕྲལ་དུ་སྨན་ཁང་ལ་བསྐྱོད་ནས་སྨན་བཅོས་བྱེད་དགོས་ཀྱི་ཡོད། ཏང་ཀྲི་པུའུ་ཡིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱི་བསམ་འཆར་བསྡུ་ལེན་བྱས་རྗེས་གཅེས་སེམས་ཞལ་འདེབས་སློང་རྒྱུའི་གྲ་སྒྲིག་བྱས། མིག་དམར་གྱིས་གནས་ཚུལ་དེ་ཤེས་འཕྲལ་རྟབ་རྟབ་པོར་གྲོང་ཚོའི་གཞུང་ཁང་ཡོད་སར་བཀག་འགོག་བྱེད་པར་འོང་། ཁོང་གིས་སེམས་འགུལ་ཐེབས་བཞིན་དུ་མཆོག་ཚེ་རིང་ལ“ཧྲུའུ་ཅི་ལགས། དེ་ལྟར་བྱས་ན་ཡོང་གི་མ་རེད། ངས་ཀྲི་པུའུ་དང་ཏང་ཡོན་རྣམ་པས་སེམས་བཟང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་ཁྱིམ་ཚང་གི་ཆ་རྐྱེན་འགྲིག་ཙམ་ཡོད་པ་དང་། ནད་གཞི་ཆེ་གྲས་ཀྱི་སྨན་རིན་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པས་རྩིས་ཞུ་བྱེད་ཀྱི་ཡོད། དེང་སང་དཔྱིད་རྨོད་སྒང་ཡིན་པ་དང་ང་ནི་ཏང་ཡོན་ཞིག་ཡིན་པས། ངའི་ཁྱིམ་གྱི་གནས་ཚུལ་དེས་ཀྲི་པུའུ་ལ་ཁག་པོ་བཟོས་ན་ག་ལ་འགྲིག”ཅེས་བཤད།
          མཆོག་ཚེ་རིང་གིས“གལ་ཏེ་དུད་ཚང་ཚང་མར་ཏང་ཡོན་མེད་པ་དང་ཏང་ཡོན་གྱི་གོ་རྟོགས་མཐོ་པོ་མེད་ན་སེམས་འགུལ་ཐེབས་འོས་པའི་གནས་ཚུལ་དེ་འདྲ་ཐོན་མི་སྲིད”ཅེས་ཚོར་བ་ཟབ་མོས་བཤད།
          ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བར་རོལ་བ།
          “ཀྲི་པུའུ་དང་། ཏང་ཡོན། ཁྱིམ་ཚང”བཅས་མཉམ་དུ་འབྲེལ་བའི་གཞི་རིམ་ཏང་འཛུགས་སྐྱོང་བྱེད་སྟངས་ཀྱིས་སད་སྒོ་ར་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། མང་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ལའང་རིམ་གྱིས་འགྱུར་བ་བྱུང་བཞིན་ཡོད།
          སྔོན་མ་སད་སྒོ་ར་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་མང་པོ་ཞིག་སློབ་གྲྭ་འགྲིམ་མྱོང་མེད། ད་ཆ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སློབ་གསོར་སྔར་ལས་ལྷག་པའི་མཐོང་ཆེན་བྱས་པ་དང་མང་ཚོགས་ཚོས་ཀྱང་རིག་གནས་ཤེས་བྱ་དང་ཚན་རྩལ་སྦྱོང་བའི་ཁྲོད་ནས་ཕྱུག་འགྱུར་གྱི་འཇོན་ཐང་ཤེས་ཏེ་ཕན་པ་ཐོབ་ཡོད། གྲོང་ཚོ་ཡོངས་ཀྱི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། གྲོང་ཚོ་ནས་ཐོན་པའི་སློབ་ཆེན་སློབ་མ་ལོ་རེ་ལས་ལོ་རེ་མང་དུ་འགྲོ་བཞིན་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སློབ་གྲྭ་ཆེ་མོར་ལོན་པའི་གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་ཡིན་ཕྱིན་གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་ནས་ཆེད་ཚན་ལ་སྒོར་600དང་། དངོས་གཞིའི་ཚན་ཁག་ལ་སྒོར་800 གཙོ་གནད་དངོས་གཞིའི་ཚན་ཁག་ལ་སྒོར་1000བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད། མཆོག་ཚེ་རིང་གིས“དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་ནི་སློབ་གསོར་ཐུག་ཡོད། སློབ་ཆེན་སློབ་མ་དེ་དག་ནི་ང་ཚོའི་གྲོང་ཚོའི‘ནོར་བུ’དང་འབྱུང་འགྱུར་གྱི་རེ་བ་ཤ་སྟག་ཡིན”ཞེས་བཤད།
          ཉེ་བའི་ལོ་གཉིས་ནང་སད་སྒོ་ར་གྲོང་ཚོར་འགྱུར་ལྡོག་བྱུང་བ་དང་སྦྲགས་ཕྱིར་ལས་མིར་འགྲོ་མཁན་ན་གཞོན་རྣམས་ཀྱང་སྔ་རྗེས་སུ་གྲོང་ཚོར་ལོག་ཡོད། “སློབ་ཆེན་སློབ་མ་གུང་གསེང་ལ་ལོག་ཡོང་སྐབས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཏེ་ཡུལ་མི་སྤུན་མཆེད་དང་མཉམ་དུ་བྱ་གཞག་ཆེན་པོ་ཞིག་བསྒྲུབ་འདོད་འདུག”ཅེས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཁྲེན་པོས་དེ་ལྟར་བཤད།
          ལོ་ལྔའི་རིང་གི་དབུལ་སྒྲོལ་ལག་ལེན་ལས་སད་སྒོ་ར་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ངལ་རྩོལ་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ་དང་ལས་བརྩོན་བྱས་ན་གཞི་ནས་ཕྱུག་འགྱུར་ཡོང་བའི་ངོས་འཛིན་གསལ་པོ་བྱུང་ཡོད། གྲོང་ཚོ་ཡོངས་ཀྱི་མི་སྡོད་སའི་ཁོར་ཡུག་ལེགས་སུ་གཏོང་སྐབས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་མང་ཚོགས་100ལྷག་ཙམ་གྱིས་དཀའ་ངལ་ལ་མ་འཛེམ་པར་གླ་ཆ་བློས་གཏོང་བྱས་ནས་གྲོང་ཚོའི་ཨར་འདམ་ལམ་འདིང་བ་དང་མཛེས་བཟོ་བྱེད་པའི་ནང་རང་མོས་ངང་ཞུགས་པར་མི་ཐེངས་576ཟིན་པ་དང་གྲོང་ཚོ་མཉམ་སྡེབ་ལ་དངུལ་སྒོར་ཁྲི་6ཙམ་གྲོན་ཆུང་ཐུབ་ཡོད།
          མང་ཚོགས་ཁྲོད་ཀྲི་པུའུ་དང་ཏང་ཡོན་གྱི་དབང་གྲགས་ཇེ་མཐོར་སོང་བ་དང་སྦྲགས་ཆོས་ལུགས་ཀྱིས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་རིམ་བཞིན་ཆུང་དུ་ཕྱིན་ཡོད། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད་གྲོང་མི་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཏང་གི་ཡང་དག་པའི་འགོ་ཁྲིད་དང་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དང་ཁ་འབྲལ་ཐབས་མེད་ལ་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་དང་ཡང་ཁ་འབྲལ་ཐབས་མེད་པ་དེ་བས་ངོས་འཛིན་གཏིང་ཟབ་བྱུང་ཡོད།
          “ཉེ་བའི་ལོ་གཉིས་ནང་གྲོང་ཚོ་ཡོངས་སུ་ཕྱི་ཕྱོགས་སུ་ཆོས་འཇལ་དུ་འགྲོ་མཁན་གྲོང་མི་གཅིག་ཀྱང་བྱུང་མེད། གྲོང་ཚོ་ཡོངས་ཀྱི་གྲོང་མིས་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ལ་དགའ་པོ་བྱེད་པ་དང་། ཚན་རིག་ལ་དད་བཀུར་དང་རིག་གནས་ཤེས་བྱར་སྦྱངས་པ་ཧུར་བརྩོན་དང་དེ་བཞིན་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་བྱས་ཏེ་ཚེ་འདིའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་འདུན་པ་སྔར་བས་ཆེ་རུ་འགྲོ་གི་ཡོད། འདི་ལོའི་ཟླ་3ཚེས་12ཉིན། སྨན་རི་ཤང་དེ་མོ་དགོན་དུ་བྱམས་པ་གདན་འདྲེན་གྱི་བྱེད་སྒོ་སྤེལ་ཡོད། ཡིན་ནའང་སྐབས་དེ་དུས་ཞིང་ལས་བྲེལ་བ་ཆེ་ཤོས་སྐབས་ཡིན་པས་གྲོང་མི་གཅིག་ཀྱང་བྱེད་སྒོར་ཕྱིན་མེད་པར་ཚང་མ་ཞིང་ནང་དུ་ལས་ཀ་བྱེད་པར་ཕྱིན་སོང”ཞེས་སྨན་རི་ཤང་གི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་ཤང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཧུའེ་ཡིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716