སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དབྱར་ཟླ་ཐོག་མར་ཤིང་ཏོག་ཞུ་མཁན་སྨིན་པ།
སྤེལ་དུས། 2017-06-14   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  འཇིགས་མེད།
—— མེ་ཏོག་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་པའི་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་བཅར་འདྲི་བྱས་པ། (དང་པོ)
ལེ་ཚན་གཏོད་པའི་གཏམ།
ལོ་ལྔའི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དཔའ་ངར་ཆེར་སྐྱེད་ཀྱིས་ཡར་རྒྱས་ཡོང་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱས་པས་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“འབད་འབུངས་ཡར་བརྩོན། གངས་ལྗོངས་འཕོ་འགྱུར། གཞི་རིམ་དུ་སྐྱོད་དེ། འགྱུར་ལྡོག་གླེང་བ”ཞེས་པའི་ཆེད་བསྒྲིགས་ལེ་ཚན་བཏོན་ནས་བོད་ཀྱི་གཏམ་རྒྱུད་བརྗོད་དེ་འདས་ཟིན་པའི་ལོ་ལྔའི་རིང་གི་སྒྱུར་འཕེལ་བརྟན་གསུམ་ལ་ཐོབ་པའི་གྲུབ་འབྲས་གསར་པ་ཕྱིར་དྲན་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།
བདེ་ཞིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ཕྱུག་འགྱུར་སྣེ་ཁྲིད་པ་བློ་བཟང་དང་ཁོང་གི་བཟའ་ཟླས་རང་ཁྱིམ་གྱི་སྒོ་རའི་ནང་ནས་ཤིང་ཏོག་ཞུ་མཁན་འཐོག་བཞིན་པ།
          རླངས་འཁོར་མེ་ཏོག་རྫོང་གྲོང་ནས་ཐོན་ཏེ་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་གཡུ་འབྲུག་སྔོན་མོ་ས་ལ་འཕོས་པ་བཞིན་གྱ་གྱུར་དུ་གནས་པའི་གཞུང་ལམ་ཐོག་ལམ་ཐག་སྤྱི་ལེ་7.8བརྒྱུད་དེ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་5ཙམ་ལས་སོང་མེད་པའི་བདེ་ཞིང་ཟམ་ཆེན་གྱི་ཤར་ཕྱོགས་སུ་བསྐྱོད་པས་ན། བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་འབྱོར།
          “བདེ་ཞིང་གྲོང་ཚོ་ནི་རྫོང་གིས་ཆེད་མངགས་བསྐྲུན་པའི་མོན་པ་རིགས་ཀྱི་རིག་གནས་གྲོང་གསར་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད”ཅེས་ལམ་བར་དུ་མཉམ་དུ་ཆས་པའི་བདེ་ཞིང་ཤང་གི་ཤང་ཀྲང་གཞོན་པ་ཤེས་རབ་རྡོ་རྗེས་མ་གསང་ལྷུག་པོར་གླེང་། ཁོང་གིས་གསར་འགོད་པར་བདེ་ཞིང་གྲོང་ཚོའི་མི་རེར་ཆ་སྙོམས་རྨོ་ཞིང་མུའུ་རེ་ལས་མེད་ནའང་། ལོ་དེ་དག་ནང་སྲིད་གཞུང་གིས་སྐུལ་སྤེལ་དང་། བོད་སྐྱོར་གྱིས་རམ་འདེགས། རང་ཉིད་ཀྱིས་སྐུལ་འདེད། ཁྲོམ་རས་སྐུལ་ཁྲིད་བཅས་བྱས་པའི་ཁར་བདེ་ཞིང་གྲོང་ཚོས“ཁྱད་ལྡན”དང“སྣོད་བཅུད”ལ་དམིགས་ཏེ་གྲོང་མིའི་སྡོད་ཁང་གི་རྒྱབ་མདུན་ཚང་མར་ཤིང་ཏོག་ཞུ་མཁན་དང་། སྐྱུར་རྩི་ཆེན་པོ། ངང་ལག་སོགས་ཀྱི་འབྲས་ཤིང་བཏབ་ནས་ཚ་ཁུལ་གྱི་དཔལ་འབྱོར་ནགས་གླིང་སྟེ“སྒོ་རའི་ཐོན་ལས”བཏོད་པ་དང་། “བདེ་ཞིང་ཤང་གི་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞི”དང་གྲོང་ཚོ་ཡོངས་ཀྱི་སྐམ་ཞིང་བེད་སྤྱད་དེ་སྔོ་ཚལ་དྲོད་ཁང་དང་སྐྱེ་ལྡན་ཇ་འདེབས་འཛུགས་དང་། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག བདེ་ཞིང་གི་དམངས་སྲོལ་རིག་གནས་སྔོག་འདོན། སྨྱུག་བསླས་ལས་སྣོན་གྱི་ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་སོགས་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་དམ་ཟབ་བྱེད་པའི་སྣོད་བཅུད་དཔལ་འབྱོར་ཐོན་ལས་ཤིག་ཁྱབ་གདལ་བཏང་སྟེ་ཁྱད་ལྡན་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་ལམ་བུ་ཞིག་བཙལ་ཡོད།

          “ན་ནིང་བདེ་ཞིང་གྲོང་ཚོའི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8760ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་7900ཡོད”ཅེས་བརྗོད།
          གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ད་ལོ་ལོ་51ལ་སླེབས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་བློ་བཟང་གི་སྒོ་རའི་ནང་ཁོང་གིས་རང་ཁྱིམ་གྱི་ཤིང་ཏོག་ཞུ་མཁན་སྡོང་པོའི་འོག་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།
          བདེ་ཞིང་བས་ཤིང་ཏོག་ཞུ་མཁན་འདེབས་པའི་ཐད་བློ་བཟང་ལ་གླེང་རྒྱུ་རྫོགས་མཐའ་མེད།
          “2012ལོའི་དཔྱིད་དུས་རྫོང་ཞིང་འབྲོག་ཅུས་དང་ཤང་གི་འགོ་ཁྲིད་དང་དེ་བཞིན་ཕུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཚོས་ང་ཚོའི་གྲོང་ཚོར་ཆེད་མངགས་ཕེབས་ཏེ་གྲོང་མི་ཡོངས་ལ་རང་ཁྱིམ་གྱི་ཁང་པའི་རྒྱབ་མདུན་ཚང་མར་ཤིང་ཏོག་ཞུ་མཁན་བཏབ་ནས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུའི་སྐུལ་སློང་བྱས”
          “བདེ་ཞིང་གྲོང་ཚོའི་ཤིང་ཏོག་ཞུ་མཁན་ཐོན་ལས་ནི་རྫོང་ཡོངས་ཀྱི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་ཤིག་རེད”ཅེས་ཤེས་རབ་རྡོ་རྗེས་བརྗོད། སྐབས་དེ་དུས་མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཕུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པས་མེ་ཏོག་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་རང་སྐྱོང་ལྗོངས་དང་ཕུའུ་ཅན་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ནགས་ལས་རིགས་གཅིག་མཁས་པ་ཆེད་མངགས་གདན་དྲངས་ནས་མེ་ཏོག་རྫོང་གི་གནམ་གཤིས་དང་། ས་རྒྱུ། ཆུ་སྤུས་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་ལས་མེ་ཏོག་རྫོང་དུ་སྤུས་ལེགས་ཤིང་འབྲས་སོགས་དཔལ་འབྱོར་ནགས་གླིང་འདེབས་འཛུགས་བྱ་རྒྱུར་འཚམ་པོ་ཡོད་པ་ར་འཕྲོད་བྱུང་། མ་གཞི་ནས་བདེ་ཞིང་གྲོང་ཚོའི་ཁང་པའི་རྒྱབ་མདུན་ལ་སྔོ་ཚལ་དང་། ངང་ལག བུ་རམ་ཤིང་སོགས་འདེབས་འཛུགས་བྱེད་པའི་གོམས་གཤིས་འདུག་ལ། མང་ཚོགས་ཀྱི་ཁྲོམ་རའི་འདུ་ཤེས་ཀྱང་ཟབ་མོ་ཡོད་པས“སྒོ་རའི་དཔལ་འབྱོར”གཉེར་སྐྱོང་ཡག་པ་བྱེད་བཞིན་འདུག དེས་ན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་བདེ་ཞིང་གྲོང་ཚོ་དེ་ཉིད་ཤིང་ཏོག་ཞུ་མཁན་དང་། སྐྱུར་རྩི་ཆེན་པོ། ཁམ་བུ་བཅས་འདེབས་འཛུགས་ཀྱི་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས།
          བློ་བཟང་གིས“སྐབས་དེ་དུས་བདེ་ཞིང་གྲོང་ཚོའི་གྲོང་མི་ཚོར་བསམ་བློའི་ངོས་འཛིན་དེ་ལྟ་བུ་མེད”ཅེས་ཤིང་ཏོག་ཞུ་མཁན་འདེབས་འཛུགས་བྱེད་པའི་དཀའ་ངལ་བརྗོད།
          ཡུལ་མི་སྤུན་ཟླ་ཚོས་ཤིང་ཏོག་ཞུ་མཁན་དང་ཤིང་ཏོག་ཞུ་མཁན་བཏབ་ནས་དཔལ་འབྱོར་གྱི་ཕན་འབྲས་ཇི་ཙམ་ཡོང་མིན་ཐད་རྒྱུས་མངའ་མེད་པས་གྲོང་མི་མང་ཆེ་བས་ཤིང་ཏོག་དེ་འདེབས་འདོད་བྱེད་ཀྱི་མེད། ཤང་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་སྐུལ་སློང་ཡང་ཡང་བྱས་རུང་ཕན་པ་ཐོབ་མེད་པས་ཤང་ཏང་ཨུད་དང་སྲིད་གཞུང་གིས་གཏན་འབེབས་ཁག་གསུམ་བཟོས་པ་སྟེ། གཅིག་ནི་གཉིས་ལྡན་དུད་སྦྲེལ་གྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་མིར་བསམ་བློའི་སློབ་གསོ་ཡག་པོ་རྒྱག་ཏུ་བཅུག་པ་དང་། གཉིས་ནི“གྲོང་ཚོ་ཨུ་ལྷན་གཉིས”ཚན་ཁག་གི་ནུས་པ་འདོན་སྤེལ་བྱས་ནས་གྲོང་ཚོའི་ལས་བྱེད་པས་ཤིང་ཏོག་ཞུ་མཁན་འདེབས་རྒྱུའི་སྣེ་འཁྲིད་བྱས་པ། གསུམ་ནི་དཔལ་འབྱོར་ཐད་ཁ་གསབ་སྤྲད་པ་སྟེ་གྲོང་མིས་ཤིང་ཏོག་ཞུ་མཁན་རྐང་གཅིག་བཏབ་ཚེ་དེར་ཁ་གསབ་སྐོར་5སྤྲོད་རྒྱུ་བྱས།
          གྲོང་ཚོའི་ལས་བྱེད་པ་ནས་འགོ་བཙུགས་ཏེ་ཤིང་ཏོག་ཞུ་མཁན་འདེབས་རྒྱུའི་ལས་འགན་སྤྲད་པ་དང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་ལ་ཤིང་ཏོག་ཞུ་མཁན་གྱི་ཤིང་སོན་རྐང་བཞི་བཅུ་ལྷག་ཙམ་བགོ་བཤའ་བརྒྱབ་ཡོད།
          བློ་བཟང་གི་བཟའ་ཟླས“ས་ཞིང་ནང་གི་སྔོ་ཚལ་དེ་དག་བཀོག་ནས་ཤིང་ཏོག་ཞུ་མཁན་འདེབས་དགོས་ཡོད་བརྗོད་ན་འདི་ལོ་སྔོ་ཚལ་དེ་དག་བཏབ་པར་ཕན་ཐོགས་གང་ཡོད་དམ། དེ་ཙམ་མ་ཚད། ཤིང་ཏོག་ཞུ་མཁན་ལ་འབྲས་བུ་གང་འདྲ་སྨིན་མིན་དང་ཉོ་མཁན་ཡོད་མེད་སུས་ཤེས”ཅེས་བརྗོད།
          བློ་བཟང་གིས་བཟའ་ཟླར“ང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཡིན་པས་ངས་སྣེ་མ་འཁྲིད་ཚེ་སུས་ཤིང་ཏོག་དེ་འདེབས་སྲིད་དམ། རིགས་གཅིག་མཁས་ཅན་གྱིས་ཀྱང་ཤིང་ཏོག་དེ་བཏབ་ཚེ་སྔོ་ཚལ་འདེབས་པ་ལས་ཡོང་འབབ་མང་བ་ཡོང་གི་རེད་ཅེས་བརྗོད་མ་བྱུང་ངམ”ཞེས་པ་སོགས་བསམ་བློའི་སློབ་གསོ་བརྒྱབ་པ་དང་སྐད་ཆ་སྙན་པོ་མང་དག་ཅིག་བཤད་པས་མཐར་བཟའ་ཟླས་ཁས་བླངས། ཀྲི་པུའུ་ཧྲུའུ་ཅིས་སྣེ་འཁྲིད་ནས་བཏབ་པ་མཐོང་སྐབས་གྲོང་མི་ཚོས་རྐང་བཅུ་ཉི་ཤུ་ཙམ་འཁྱེར་ནས་བཏབ།
          “དོན་དངོས་ཐོག་ང་རང་ལའང་གདེང་ཚོད་མེད། གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་སྣེ་མ་འཁྲིད་ན་མི་འགྲིག དེའི་རིང་རང་ཉིད་ཀྱང་སེམས་ཁྲལ་ཆེན་པོ་བྱུང་། ཤིང་ཏོག་ཞུ་མཁན་འདེབས་པའི་ཉམས་མྱོང་མེད་སྟབས་ཤིང་སོན་རྐང་བཅུ་ལྷག་ཙམ་འཕྲོ་བརླག་ཕྱིན་སོང”ཞེས་བློ་བཟང་གིས་བཤད།
          ལོ་གསུམ་ཕྱིན་རྗེས་ཤིང་ཏོག་ཞུ་མཁན་ལ་འབྲས་བུ་འདོགས་འགོ་ཚུགས་པ་དང་གསེར་མདོག་ཅན་གྱི་འབྲས་བུ་དེ་ལས་བློ་བཟང་ལ་གདེང་ཚོད་བྱུང་ཡོད།
          སྐབས་དེར་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་ཁག་གཅིག་གིས་བློ་བཟང་ཁྱིམ་དུ་ཤིང་ཏོག་ཞུ་མཁན་ཡོད་པ་མཐོང་ནས་ཚང་མས་འཐོག་འདོད་བྱེད་ཀྱི་ཡོད། ཁོང་ཚོས་རིན་གོང་སྐད་ཆ་འདྲི་སྐབས་བློ་བཟང་གིས“ཁྱེད་ཚོད་ག་ཚོད་སྤྲད་ནའང་འགྲིག”ཅེས་བརྗོད་པས་ཡུལ་སྐོར་བ་ཚོས་རྒྱ་མ་རེར་སྒོར་20སྤྲད། བློ་བཟང་གིས་ཤིང་ཏོག་ཞུ་མཁན་དེ་དག་མེ་ཏོག་རྫོང་གི་ཞིང་ཞོར་ཁྲོམ་རར་རྒྱ་མ་རེར་སྒོར་20བྱས་ཏེ་བཙོངས་པས་ཚང་མས་ཧ་ཅང་དགའ་པོ་བྱས་ནས་འཕྲལ་མར་བཙོངས་ཟིན།
          ལོ་དེར་བློ་བཟང་ཁྱིམ་ལ་ཤིང་ཏོག་ཞུ་མཁན་བཙོངས་པའི་རིན་གོང་སྒོར་3400བྱུང་བས་སྔོ་ཚལ་བཏབ་པ་ལས་ཡོང་འབབ་ལྡབ་ཁ་ཤས་ཀྱིས་མང་བ་བྱུང་ཡོད། ཁོང་གི་བཟའ་ཟླ་དགའ་ཐག་ཆོད་དེ“སླད་ཕྱིན་ཁྱིམ་ཚང་ནང་གི་ལས་ཀ་ཚང་མ་ཁྱེད་རང་གིས་བཤད་པ་ལྟར་བྱེད་ཀྱི་ཡིན”ཞེས་བརྗོད།
          ལོ་གཉིས་པར་བློ་བཟང་ཁྱིམ་གྱི་ཤིང་ཏོག་ཞུ་མཁན་ལ་ལོ་ལེགས་བྱུང་ནས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ཡོད།
          བློ་བཟང་གིས་དགའ་ཚོར་ཆེན་པོའི་སྒོ་ནས“ན་ནིང་གྲོང་ཚོ་ཡོངས་ཀྱི་གྲོང་མིས་སྡོད་ཁང་གི་རྒྱབ་མདུན་དུ་ཤིང་ཏོག་ཞུ་མཁན་བཏབ་པས་ཡོང་འབབ་སྒོར་བརྒྱ་གྲངས་ནས་སྟོང་ཕྲག་ཁ་ཤས་བར་བྱུང་སྟེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1000ཟིན་ནས་ཤིང་ཏོག་འདེབས་འཛུགས་བྱེད་པའི་ཚང་མའི་ཧུར་སེམས་ཆེ་རུ་ཕྱིན་སོང”ཞེས་བཤད།
          ཤང་ཀྲང་གཞོན་པ་ཤེས་རབ་རྡོ་རྗེས“གཏན་འཁེལ་བྱུང་བའི་ལས་ཀ་ཡིན་ཕྱིན་བློ་ཁོག་ཆེན་པོས་བྱེད་དགོས། ཚོད་ལྟ་མ་བྱས་ཚེ་བདེ་ཞིང་གྲོང་ཚོར་ད་ཆའི་ཡོང་འབབ་དེ་འདྲ་ཡོང་སྲིད་དམ། དེ་ཙམ་མ་ཚད་ནགས་ལས་རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་བྱས་པས་ཡོང་འབབ་མི་ཡོང་བ་ག་ལ་སྲིད། ལག་ལེན་ནི་བདེན་དོན་ཞིབ་བསྡུར་བྱེད་པའི་ཚད་གཞི་འབའ་ཞིག་དེ་ཡིན། བདེ་ཞིང་གྲོང་ཚོས་ནང་འདྲེན་བྱས་པའི་ཤིང་ཏོག་ཞུ་མཁན་དང་། སྐྱུར་རྩི་ཆེན་པོ། ཁམ་བུ་བཅས་ཤིང་ཏོག་རིགས་གསུམ་དེ་དག་ནང་ནས་ཤིང་ཏོག་ཞུ་མཁན་དང་སྐྱུར་རྩི་ཆེན་པོ་སྐྱེ་འཚར་ལེགས་པོ་བྱུང་རུང་། ཁམ་བུའི་འབྲས་བུ་ཆུང་བ་དང་དེ་ཙམ་ཞིམ་པོ་མི་འདུག་པས་ཤང་གིས་གོམ་སྟབས་རྗེས་མར་འབྲས་ཤིང་ཁྱབ་གདལ་གཏོང་རྒྱུ་དེ་གཙོ་བོ་ཤིང་ཏོག་ཞུ་མཁན་དང་སྐྱུར་རྩི་ཆེན་པོ་འདེབས་འཛུགས་ཐོག་འཇོག་རྒྱུ་ཡིན”ཞེས་བཤད།
          བློ་བཟང་གིས“ད་ཆ་ཐག་གཅོད་བྱེད་དགོས་ཤོས་ནི་འབྲས་ཤིང་ལ་གཡོག་བྱེད་བྱེད་སྟངས་དེ་ཡིན། གཡོག་བྱེད་བྱེད་མི་ཤེས་པའི་དབང་གིས་ཡུལ་མི་སྤུན་ཟླ་ཚོས་ཡལ་གཅོད་བྱེད་མི་ཕོད་སྟབས་འབྲས་བུ་ཆེན་པོ་མེད་པའི་ཁར་མདོག་ཀྱང་ཡག་པོ་མེད་པས་རིན་གོང་མཐོ་པོ་ཡོང་གི་མི་འདུག ཤིང་འབྲས་ཀྱི་ནད་དང་འབུའི་གནོད་འཚེ་འགོག་བཅོས་བྱ་རྒྱུ་དེའང་གནད་དོན་ཞིག་རེད་འདུག”ཅེས་བཤད།
          ཤེས་རབ་རྡོ་རྗེས་འཕྲལ་མར“ན་ནིང་ཤང་གིས་ཆེད་མངགས་འབྲས་ཤིང་འདེབས་འཛུགས་ལག་རྩལ་པ་གདན་ཞུ་བྱས་རུང་ཡལ་གཅོད་བྱེད་པའི་དུས་ཚོད་ཡོལ་འདུག འདི་ལོ་སླར་ཡང་གདན་ཞུ་བྱེད་པ་མ་ཟད་བདེ་ཞིང་གྲོང་ཚོར་འབྲས་ཤིང་འདེབས་གསོའི་གསོ་སྦྱོང་འཛིན་གྲྭ་ཞིག་ཀྱང་གཉེར་རྒྱུ་ཡིན་པས་ཤང་ཡོངས་ཀྱི་མང་ཚོགས་ཚོ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་པར་ཡོང་ཆོག”ཅེས་བརྗོད།
          ཤང་སྲིད་གཞུང་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་ཇི་ལྟར་བྱས་ནས་ཤིང་ཏོག་ཞུ་མཁན་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་གྲོང་མི་ཚོའི་འདེབས་འཛུགས་ཀྱི་ལག་རྩལ་མཐོ་རུ་གཏོང་རྒྱུའི་ཐད་བསམ་གཞིག་བྱེད་སྐབས་རྫོང་ནགས་ལས་ཅུས་ཀྱི་ལས་དོན་རུ་ཁག་བདེ་ཞིང་གྲོང་ཚོར་ཡོང་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་འཆར་འགོད་བྱས་པ་བརྒྱུད་བདེ་ཞིང་གྲོང་ཚོར་ཤིང་ཏོག་ཞུ་མཁན་མུའུ་30ལྷག་ཙམ་གྱི་སྔོ་ལྗང་ཅན་གྱི་རྣམ་གྲངས་རྟེན་གཞི་བསྐྲུན་པ་དང་ཤིང་ཏོག་ཞུ་མཁན་སྡོང་རྐང་2800ལྷག་ཙམ་གསར་འདེབས་བྱ་རྒྱུའི་ཐག་བཅད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716