སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྔོ་ཚལ་དྲོད་ཁང་ནང་གི་ལྗང་མདོག་རེ་བ།
སྤེལ་དུས། 2017-06-16   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།
—— མེ་ཏོག་རྫོང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཡིན་པའི་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོར་བཅར་འདྲི་བྱས་པ། (གཉིས་པ)
འདི་ནི་བདེ་ཞིང་ཤང་གི་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་རྟེན་གཞིའི་ལག་རྩལ་པ་ཀྲང་ཅེ(དཀྱིལ)ཡིས་གྲོང་མིར་སུར་པན་འདེབས་སྟངས་དང་གཡོག་བྱེད་བྱེད་སྟངས་སློབ་བཞིན་པ།
          ཁོད་སྙོམས་པའི་སྣུམ་ནག་གཞུང་ལམ་མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བར་ཤར་གཏོང་ཐུབ་ཡོད། སྒོ་འཛུལ་སར“བདེ་ཞིང་ཤང་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞི”དང“བདེ་ཞིང་ཤང་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་རྟེན་གཞི”ཞེས་བཀོད་པའི་བྱང་བུ་མངོན་གསལ་ལྷག་པར་ཆེ། སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་འགྲམ་དུ་སྐྱོད་ཚེ་འདྲེན་བྱེད་ཟུང་དུ་འཆར་བ་ནི་གྲལ་སྟར་འགྲིག་པའི་དྲོད་ཁང་དག་རེད། དྲོད་ཁང་ནང་གི་ཀྲོ་མ་ཀྲུ་དང་། སུར་པན། ཧོང་ཀྭ ཆེ་ཙེ་སོགས་ལ་འབྲས་བུ་བཏགས་དང་འདོགས་མུས་རེད་འདུག དྲོད་ཁང་གི་ཕྱི་རོལ་གཡུ་ཡི་གཞོང་པ་ལྟར་དུ་སྣང་བས་མཛེས་སྡུག་རྣམ་པར་བཀྲ
          བདེ་ཞིང་ཤང་གི་ཤང་ཀྲང་ཤེས་རབ་རྡོ་རྗེས“ཁྱོན་མུའུ་50ཡོད་པའི་ནང་དྲོད་ཁང་མུའུ་20དང་ཚལ་ཞིང་མུའུ་30ཡོད། གྲངས་གཞི་དེ་མེ་ཏོག་རྫོང་གི་ཤང་གྲོང་ཁག་གི་ནང་ནས་མཐོ་ཤོས་རེད”ཅེས་ངོ་སྤྲོད་བྱས།
          ཤེས་རབ་རྡོ་རྗེས་བདེ་ཞིང་གྲོང་ཚོའི་གྲོང་མི་ཚོར་སྔོན་མ་ནས་སྔོ་ཚལ་དང་ཤིང་འབྲས་འདེབས་པའི་གོམས་གཤིས་ཡོད་པ་དང་། ལྷག་པར་དུ་མོན་པའི་སུར་པན་བོད་ཡོངས་སུ་སྐད་གྲགས་ཆོད་པས་ཁྲོམ་རར་བཏོན་མ་ཐག་པའི་སྐབས་སུ་རྒྱ་མ་རེར་སྒོར་སུམ་ཅུ་བཞི་བཅུ་བྱས་ནས་འཚོང་གི་ཡོད་ཅེས་བརྗོད།
          2012ལོར་བདེ་ཞིང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་དེ་སྒྲིག་བཀོད་ཞིང་ལས་ཕྱོགས་སུ་སྒྱུར་ཡོད། ལོ་དེ་གར་བདེ་ཞིང་ཤང་གིས་མེ་ཏོག་རྫོང་གི་དབུལ་སྐྱོར་རྣམ་གྲངས་བརྩོན་ལེན་བྱས་ཏེ་མ་འཇོག་སྒོར་ཁྲི་150ལྷག་ཙམ་བྱས་ནས་བདེ་ཞིང་གྲོང་ཚོར་སྔོ་ཚལ་དྲོད་ཁང་སྟར་པ་7བརྒྱབ་པ་དང་དྲོད་ཁང་རེར་སྨི་ངོས་གྲུ་6400ཡོད། གྲོང་ཚོས་དྲོད་ཁང་སྟར་པ་7པོ་དག་དུད་ཚང་དབུལ་པོར་བགོས་ནས་ཤིང་འབྲས་དང་སྔོ་ཚལ་ཚོད་འདེབས་བྱས།
          བྱ་བ་ཐམས་ཅད་འགོ་འཛུགས་དུས་དཀའ་ཞེས་པ་ལྟར། སྔོ་ཚལ་དྲོད་ཁང་དག་བདེ་ཞིང་གྲོང་ཚོའི་གྲོང་མིའི་ངོས་ནས་བརྗོད་ན་ངོ་མཚར་ཆེ་བའི་བྱ་བ་ཞིག་རེད། སྔོ་ཚལ་འདེབས་འཛུགས་ལག་རྩལ་ལ་རྒྱུས་མངའ་མེད་པའི་ཁར་གཡོག་བྱེད་ཡག་པོ་མ་བྱས་པའི་རྐྱེན་གྱིས་དྲོད་ཁང་ནང་གི་སྔོ་ཚལ་གྱི་ཡོང་འབབ་དེ་ཐ་ན་ཚལ་ཞིང་ལས་དམའ་བས་གྲོང་མི་ཚོ་སྔོ་ཚལ་འདེབས་རྒྱུར་ཡིད་ཐང་རྦད་དེ་ཆད།
          “རྒྱུ་རྐྱེན་གཙོ་བོ་ནི་ལག་རྩལ་དང་གཡོག་བྱེད་ལ་རག་ལུས་ཡོད། སྔོན་མ་གྲོང་མིས་སོན་འདེམས་མི་ཐུབ་ལ། སོན་བཟང་དེ་བས་གསོ་མི་ཐུབ་པས། སྔོ་ཚལ་ལ་མཆེ་བ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་ནས་སོན་རྙིང་པ་དང་སྡུག་ཏུ་འགྲོ་ཡི་ཡོད། དབྱར་ཁར་དྲོད་ཁང་ལ་རླུང་བུ་བཏང་ནས་ཚ་སེལ་བྱ་རྒྱུ་མི་ཤེས་པས། དྲོད་ཚད་ཆེ་བས་སྔོ་ཚལ་རྙིད་འགྲོ་ཡི་ཡོད། ཆར་ཆུ་འབེལ་བའི་དུས་སུ་འཕྲལ་མར་ཆུ་གཤངས་མི་ཐུབ་པས་ས་ཞིང་ལ་བཞའ་ཚན་ཆེ་དྲགས་ནས་སྔོ་ཚལ་ཤི་འགྲོ་ཡི་ཡོད། ད་དུང་ནད་དང་འབུའི་གནོད་འཚེ་དུས་ཐོག་ཏུ་འགོག་བཅོས་ཐུབ་ཀྱི་མེད”ཅེས་ཉེ་འགྲམ་གྱི་འདེབས་འཛུགས་འགན་གཙང་ལེན་མཁན་ཀྲང་ཅེས་བདེ་ཞིང་ཤང་གི་སྔོ་ཚལ་དྲོད་ཁང་འདེབས་འཛུགས་ཡག་པོ་མ་ཐུབ་པའི་རྐྱེན་རྣམས་བཤད།
          “མཐར་གཏུག་ནས་བཤད་ན། སྔོ་ཚལ་དྲོད་ཁང་འདེབས་འཛུགས་ལ་འཇོན་ཐང་ཅན་མེད་པས་རེད”ཅེས་ཤེས་རབ་རྡོ་རྗེས་མྱོང་ཚོར་ཟབ་མོས་བརྗོད། གལ་སྲིད་མང་ཚོགས་ཀྱི“གནམ་ཆུ་བསྒུགས་ནས་སྔོ་ཚལ་འདེབས་པའི”རྗེས་ལུས་ཀྱི་ཐབས་ཤེས་དེར་འགྱུར་ལྡོག་གཏོང་དགོས་ན། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་བྱེད་པའི་ལམ་བུའི་ཐོག་སྐྱོད་དགོས། དེར་བརྟེན་བདེ་ཞིང་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྔོ་ཚལ་དྲོད་ཁང་གི་གཉེར་སྐྱོང་བསམ་ཕྱོགས་ལེགས་སྒྲིག་བྱས་པའི་ཁར་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་དེ་འགོ་འཛུགས་སར་བརྩིས་ནས་ཚོང་འགུགས་མ་འདྲེན་དང་ཕྱི་ནས་སྔོ་ཚལ་འདེབས་འཛུགས་འཇོན་ཐང་ཅན་གདན་དྲངས་ཏེ་ཚད་གཞི་མཐོ་བའི་སྔོ་ཚལ་འདེབས་འཛུགས་བྱས། ཕྱོགས་གཅིག་ནས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཕྱོགས་གཞན་ཞིག་ནས་དཔེ་སྟོན་གྱིས་ས་གནས་དེ་གའི་མང་ཚོགས་མཉམ་དུ་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་ཐབས་ལམ་གསར་པ་ཞིག་བཏོད་ཡོད།
          2015ལོའི་ཟླ་དྲུག་པར་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་སི་ཁྲོན་ཁྲེང་ཏུའི་ཚལ་འདེབས་ཞིང་པ་ཀྲང་ཅེས་བདེ་ཞིང་ཤང་སྲིད་གཞུང་དང་གྲོས་མཐུན་བཞག་ནས་བདེ་ཞིང་གྲོང་ཚོའི་སྔོ་ཚལ་དྲོད་ཁང་སྟར་པ་7འགན་གཙང་བླངས། ཕྱོགས་གཉིས་པོའི་འགན་གཙང་གན་རྒྱའི་ནང་ལོ་དང་པོར་འགན་གཙང་ལེན་མཁན་དུད་ཚང་གིས་དྲོད་ཁང་རེ་ནས་བདེ་ཞིང་གྲོང་ཚོའི་མཉམ་སྡེབ་ལ་སྒོར་ཁྲི་1གི་འགན་ལེན་མ་དངུལ་སྤྲོད་དགོས་པ་དང་དེ་རྗེས་ལོ་ལྟར་སྒོར་1000ཡི་ཚད་གཞི་གཞིར་བཟུང་མཐོ་རུ་གཏོང་རྒྱུ་རེད། འགན་གཙང་ལེན་མཁན་དུད་ཚང་གིས་སྦ་གསང་གང་ཡང་མེད་པའི་ཐོག་ནས་གྲོང་མིར་སྔོ་ཚལ་འདེབས་སྟངས་བརྒྱུད་སྤྲོད་བྱ་རྒྱུ་མ་ཟད། ལོ་ལྟར་ཉུང་མཐར་ཡང་བདེ་ཞིང་གྲོང་ཚོར་སྔོ་ཚལ་འདེབས་མཁན་འཇོན་ཐང་ཅན་3གསོ་སྐྱོང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
          ཀྲང་ཅེ་ནི་སྔོ་ཚལ་འདེབས་འཛུགས་འཇོན་ཐང་ཅན་ངོ་མ་རེད་འདུག ཁོང་གིས་ས་སྦོལ་ནས་རྫས་ལུད་རྒྱག་རྒྱུར་བྲེལ་བ་མི་བྱེད་པར། སྔོན་ལ་ས་རྒྱུ་དང་ཆུའི་མ་དཔེ་བླངས་ནས་རང་སྐྱོང་ལྗོངས་སྔོ་ཚལ་ཞིབ་འཇུག་སུའོ་རུ་བསྐྱལ་བ་དང་ས་རྒྱུ་དང་ཆུའི་སྐྱུར་བུལ་འདུས་ཚད་ལ་རྫས་འགྱུར་དཔྱད་ཞིབ་དང་དབྱེ་ཞིབ་བྱས་ནས་ས་རྒྱུ་དང་ཆུའི་ངོ་བོར་རྒྱུས་མངའ་རྦད་དེ་ལོན་པ་བྱས།
          ཀྲང་ཅེ་ཡིས“མེ་ཏོག་རྫོང་གི་གནམ་གཤིས་ཚ་བར་བལྟ་མི་རུང་བར་དབྱར་ཁར་གངས་བཞུར་ནས་ཆུའི་དྲོད་ཚད་རྣམ་ཀུན་ལས་དམའ་བས། སྔོ་ཚལ་ལ་ཐད་ཀར་ཆུ་བཏང་ན་ཚལ་གྱི་རྩ་བ་འཁྱགས་སྲིད། གཞན་ཡང་། བདེ་ཞིང་གྲོང་ཚོའི་ས་རྒྱུར་སྐྱུར་བུལ་འདུས་ཚད་ཆེ་བས། སྔོ་ཚལ་མང་དག་ཅིག་འདེབས་རྒྱུར་འཚམ་པོ་མེད་པས་ལེགས་བཅོས་བྱེད་དགོས”ཞེས་བཤད། དེས་ན་ཀྲང་ཅེ་ཡིས“ནད་བསྟུན་སྨན་བཅོས”ཀྱིས་ལེགས་བཅོས་ཐབས་ཤེས་ཤིག་འཚོལ་ཞིབ་ཐུབ་པ་སྟེ། གཅིག་ནི་ཞིང་ལུད་དང་སྐྱེ་ལྡན་ལུད་འདྲེས་སྦྱོར་བྱས་ནས་ས་རྒྱུ་ལེགས་སུ་གཏོང་བ་དང་། གཉིས་ནས་ཆུ་གསོག་རྫིང་བུ་བརྒྱབ་ནས་ཆུའི་དྲོད་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
          གྲ་སྒྲིག་ཨར་གསར་བྱས་རྗེས་ཀྲང་ཅེ་ཡིས་སྔོ་ཚལ་དྲོད་ཁང་དེ“ལྗང་མདོག་དང་། གནོད་མེད། སྐྱེ་ལྡན”བཅས་སུ་བརྩིས་ཏེ་སྦྱར་ག་བརྒྱབ་ནས་ས་བོན་གསོ་བ་དང་ནད་འབུ་བཀག་ནས་འདེབས་གསོ་བྱས་པ་མ་ཟད། ས་གནས་དེ་གའི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པའི་མོན་པའི་སུར་པན་མང་པོ་བཏབ་པ་དང་དུས་མཚུངས། ནང་ས་ནས་སོན་ཁག་གཅིག་ནང་འདྲེན་བྱས་པ་དང་འབྲེལ་ཚོད་འདེབས་ཀྱང་བྱས། དྲོད་ཁང་ཆེ་མོ་སོགས་ཞིང་ལས་སྒྲིག་བཀོད་བེད་སྤྱད་དེ“དུས་ཚོད་ཀྱི་འགྱུར་བར”དམ་འཛིན་གྱིས་ནམ་ཟླའི་སྔོ་ཚལ་དང་། མྱུར་གསོའི་སྔོ་ཚལ། དུས་ཚིགས་ལྡོག་པའི་སྔོ་ཚལ། ཁྱད་ལྡན་སྔོ་ཚལ་སོགས་འདེབས་འཛུགས་བྱས་ནས་རེས་སྐོར་སོན་འདེབས་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་ཡོད།
          ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་ཆུ་ཚད་མཐོ་རུ་གཏོང་ཆེད་ཀྲང་ཅེ་ཡིས་ལོ་གསུམ་ཅུ་ལྷག་ཙམ་སྔོ་ཚལ་འདེབས་མྱོང་བའི་ལག་རྩལ་པ་ཞིག་ཆེད་མངགས་གདན་དྲངས། དེ་དང་ཆབས་ཅིག མེ་ཏོག་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་གོ་ཞིང་ལས་སློབ་ཆེན་དང་། ཧྭ་ཀྲུང་ཞིང་ལས་སློབ་ཆེན། སི་ཁྲོན་ཞིང་ལས་སློབ་ཆེན་བཅས་ཀྱི་ཞིང་ལས་རིགས་གཅིག་མཁས་ཅན་དང་རྒྱང་ཁྲིད་རམ་འདེགས་མཛུབ་ཁྲིད་འབྲེལ་བ་བཙུགས་པ་དང་ཚན་རིག་དང་མཐུན་པའི་ངང་ས་བོན་འདེབས་གསོ་དང་ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་སོགས་ཀྱི་སྔོན་ཐོན་ཞིང་ལས་ཚན་རྩལ་གྲུབ་འབྲས་ནང་འདྲེན་བྱས་པའི་ཁར་རྒྱུན་མཐོང་གི་སྔོ་ཚལ་ཁྱད་ཆོས་དང་འདེབས་གསོའི་བརྒྱུད་རིམ་དང་སྐྱེ་འཚར་དུས་འཁོར་ལ་རྒྱང་ཁྲིད་རྗེས་སྙེགས་ཀྱིས་ཟུར་ཁྲིད་གཡོག་བྱེད་བྱས་པ་རེད།
          ན་ནིང་ཀྲང་ཅེ་ཡིས་འགན་གཙང་བླངས་པའི་སྔོ་ཚལ་དྲོད་ཁང་སྟར་པ་7པོར་ཐོན་འབབ་རྒྱ་མ་ཁྲི་3ལྷག་ཙམ་བྱུང་ཡོད། “བྲིན་ཚོང་ཐད་སེམས་ཁྲལ་བྱེད་དགོས་མེད། དུས་ཚོད་མི་ཉུང་བ་ཞིག་ནང་སྔོ་ཚལ་འཚོང་པ་དང་ཟ་ཁང་གི་སྦྱིན་བདག་སོགས་ཀྱིས་སྒོ་རྩར་སྡེབ་ཉོ་བྱེད་པར་ཡོང་བས། རིན་གོང་འཚམ་པོ་འདུག སྲན་དམར་ཁོ་ནར་རྒྱ་མ་གང་ལ་སྒོར་བཅུ་གྲངས་རག་གི་འདུག”ཅེས་ཀྲང་ཅེ་ཡིས་གསར་འགོད་པར་བཤད་ཀྱིན་དྲོད་ཁང་རེ་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་5ཡོང་གི་འདུག་ཅེས་བཤད།
          ཤེས་རབ་རྡོ་རྗེས་བློ་ཡིད་འཚིམ་པའི་ངང་2016ལོར་བདེ་ཞིང་གྲོང་ཚོའི་སྔོ་ཚལ་དྲོད་ཁང་སྟར་པ་7པོ་དེ་དག་ལས་ཞིང་པར་ཡོང་འབབ་སྒོར་ཁྲི་14མང་དུ་ཕྱིན་ཡོད་ཅེས་བཤད།
          སྔོ་ཚལ་དྲོད་ཁང་གཉེར་མཁན་ཀྲང་ཅེའི་ཉམས་མྱོང་ལས་བདེ་ཞིང་གྲོང་ཚོའི་གྲོང་མི་ཚོའི་མཐོང་རྒྱ་ཆེ་རུ་འགྲོ་ཐུབ་པ་བྱུང་ནས་ཁོང་ཚོས་ཚན་རིག་ཅན་དང་། ཞིབ་ཚགས་ཅན། གནོད་མེད་ཅན་བཅས་ཀྱི་སྒྲིག་ཆས་ཞིང་ལས་ཁྲོད་ནས་འབབ་འཕར་ཕྱུག་འགྱུར་གྱི་རེ་བ་མངོན་པ་དང་གྲོང་མི་དེ་བས་མང་བ་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་བསྐྱོད་དེ་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་ཀྱི་ཡོད། ཀྲང་ཅེའང་མེ་ཏོག་རྫོང་དུ་སྔོ་ཚལ་འདེབས་འཛུགས་མཁས་ཅན་དུ་གྱུར་ཡོད། ཞིང་བྲེལ་དུས་ཚོད་ཕུད་ཉིན་ལྟར་ཉུང་མཐར་ཡང་ཞིང་པ་3སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ཡོང་ནས་འབབ་འཕར་ཡོང་བ་བྱེད་ཞོར་དུ་ལག་རྩལ་དེ་བས་ཤེས་པ་བྱེད་ཀྱི་ཡོད།
          ད་ཆ་བདེ་ཞིང་གྲོང་ཚོའི་ཞིང་འབྲོག་པ་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་ཀྱི་སྤྲོ་སེམས་འཕེལ་ནས་གྲོང་མི་མི་ཉུང་བ་ཞིག་གིས་སྔོ་ཚལ་དྲོད་ཁང་འགན་གཙང་ལེན་འདོད་བྱེད་ཀྱི་ཡོད། ན་ནིང་ཤང་ནས་མ་དངུལ་སྒོར་ཁྲི་90བཏང་སྟེ་སྔོ་ཚལ་དྲོད་ཁང་བཙུགས་པས་ཤང་དེ་ཡོངས་ཀྱི་སྔོ་ཚལ་དྲོད་ཁང་སྟར་པ་19ནས་30བར་མང་དུ་བཏང་ཡོད་རུང་ད་དུང་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། མེ་ཏོག་རྫོང་གི་སྔོ་ཚལ་ཁྲོམ་རར་ཚལ་མཁོ་འདོན་འདང་ངེས་ཐུབ་ཀྱི་མེད་པས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་མང་དུ་གཏོང་རིན་ཡོད་ཅེས་ཤེས་རབ་རྡོ་རྗེས་བཤད།
          བཅར་འདྲི་མཇུག་འགྲིལ་རྗེས་ཤེས་རབ་རྡོ་རྗེས་གསར་འགོད་པར་མི་རིང་བའི་གོང་བདེ་ཞིང་ཤང་གི་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་རྟེན་གཞིས་ཚོད་འདེབས་བྱས་པའི་ཀོག་ཧྥེར་གྲུབ་འབྲས་ཐོབ་ཡོད་པས་འདེབས་རྒྱ་ཆེ་རུ་གཏོང་རྩིས་ཡོད། རྣམ་གྲངས་དེ་ན་ནིང་ཟླ་4པར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་ཡུན་ནན་ཞིང་ལས་ཚན་རིག་ཁང་གིས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པ་ཞིག་རེད་ཅེས་བརྗོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716