སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྔོ་ལྗང་ཞིང་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ།
སྤེལ་དུས། 2017-07-11   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ལྕཊ་བྱམས་ཀྱིས་བསྒྱུར།
—— ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་སྐོར་གྱི་དངོས་བྲིས།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཞིང་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་རྟོགས་ངང་འཚམ་པར་བྱས་པ་དང་ཞིང་འབྲོག་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་དཀའ་ངལ་ཁྱད་བསད་དང་ཏན་ཏིག་ལས་བརྩོན་བྱས་ཏེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།
          ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ།
          མཚོ་བོད་ས་མཐོར་གནས་པའི་བོད་འདི་ཉིད་ས་བབ་མཐོ་བ་དང་ས་ཁམས་ཀྱི་བར་བརྒལ་རང་བཞིན་ཆེ་བ་མ་ཟད་སྣོད་བཅུད་དང་གནམ་གཤིས་འགྱུར་ལྡོག་ཆེ་བས་འཛམ་གླིང་ཐོག་ཐུན་མོང་མ་ཡིན་པའི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལྡན་པ་དང་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ཁྱད་འཕགས་ཀྱི་ལེགས་ཆ་ལྡན་ཡོད།
          བོད་ལྗོངས་ཀྱིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྒྱུ་ཆ་གཙོ་བོར་བྱས་པའི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་བཏང་སྟེ་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད། 2016ལོར། རྒྱལ་ཡོངས་ཀྱི་ཞིང་ལས་བོད་སྐྱོར་བཞུགས་མོལ་ཚོགས་འདུ་དང་བོད་ལྗོངས་འགྲེམས་ཚོགས་ཐོག་བོད་ལྗོངས་ཀྱི་སྣེ་འདྲེན་ཁེ་ལས་མང་པོ་ཞིག་གིས་ནང་སའི་ཁེ་ལས་11དང་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་23.32ཟིན་པ་མ་ཟད། ཀྲུང་གོ་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཚོང་འདུས་དང་ཀྲུང་གོའི་ལྗང་མདོག་བཟའ་བཅའི་དངོས་མང་སྟོན་ཚོགས་སོགས་ནང་ཧུར་ཐག་ཞུགས་ཏེ་ལྗོངས་ཕྱི་ནང་དང་ཐ་ན་རྒྱལ་སྤྱིའི་ཐོག་བོད་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད།
          མིག་སྔའི་བར། རྒྱལ་ཁབ་ཕྱི་ནང་གི་ཞིང་ཞོར་ཐོན་རྫས་འགྲེམས་ཚོགས་ཐོག་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ནང་གསེར་གྱི་བྱ་དགའ་ཐོབ་པའི་ཐོན་རྫས་21ཡོད་ཅིང་། “ཨེ་མ་སྒང”གི་ཞོག་ཁོག་དང་། “ཡར་ཀླུང”གི་སྒོ་ང་། “གམ་པའི”ལུག “གཙང་ཡོན”ནས་ཆང་། “གནས་མཆོག་རི་དྭགས”ཟ་སྣུམ། “ས་མཐོའི་གཅེས་ནོར”འབྲིའི་འོ་མ། “སྤང་རྒྱན་མེ་ཏོག”བོད་རུམ་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་སྤུས་རྟགས་ཁག་གཅིག་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་མ་ལག་ཀྱང་རིམ་གྱིས་གྲུབ་བཞིན་ཡོད།
          སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོ་གསར་པ།
          ད་ཕན་ལོ་ཤས་རིང་། ནག་ཆུ་ས་ཁུལ་སྙན་རོང་རྫོང་ཕག་གཡུ་གྲོང་ཚོས་ཕག་གཡུ་མཉམ་ལས་ཁང་བཙུགས་པ་དེས་དེ་སྔའི“སློང་མོ་བའི་གྲོང་ཚོ”ད་ཆའི“གསེར་གྱི་ལུང་གཞུང”དུ་གྱུར་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག་མཉམ་ལས་ཁང་གིས་དབུལ་པོ་དངོས་ལ་རོགས་སྐྱོར་དང་ཕུགས་ཕན་དོན་གཉེར་བྱས་ཏེ་གྲོང་མི་དབུལ་པོ་དབུལ་སྒྲོལ་ཡོང་རོགས་བྱས་ཡོད། ད་ཆའི་ཕག་གཡུ་གྲོང་ཚོར་མཉམ་ལས་ཁང་ལ་བརྟེན་ནས་ཕྱུག་འགྱུར་གྱི་འབྲས་བཟང་ཐོབ་པ་དང་། གྲོང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་800ནས་སྒོར་ཁྲི་1.4བར་མཐོ་རུ་ཕྱིན་ཏེ་འབྲོག་ལས་ཐོན་ལས་དར་རྒྱས་ཆེན་པོ་བྱུང་བས“ཞབས་འདྲེན་པ”ནས་ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དང་པོ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལོན་པའི་གྲོང་ཚོར་གྱུར་ཡོད། བོད་ལྗོངས་སུ་མཉམ་ལས་ཁང་དེ་ཉིད་ཞིང་འབྲོག་པ་འབྱོར་ལྡན་འཚོ་བ་སྐྱེལ་ཐུབ་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། 
          ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་པ།
          2016ལོར། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6076ཟིན་པའི་ནང་མཉམ་ལས་ཁང་23རྒྱལ་ཁབ་ཀྱི་ཞིང་པའི་མཉམ་ལས་དཔེ་སྟོན་ཁང་ལ་བདམས་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་31.59ཟིན་པ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་42%ཟིན་ཡོད།
          དེ་དང་ཆབས་ཅིག ལྗོངས་ཡོངས་སུ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པའི་ཁྱད་ལྡན་དམངས་སྲོལ་གྲོང་ཚོ་དང་། ལྟ་སྐོར་ཞིང་འབྲོག་ནགས་ལས། སྤྲོ་གསེང་གླིང་ཁ་སོགས་སོས་དལ་ཞིང་ལས་ཡུལ་སྐོར་རྣམ་གྲངས་དེ་དག་ཐོན་ལས་ཀྱི་རྣམ་པ་དང་འཛད་སྤྱོད་བྱེད་སྟངས་གསར་པ་ཞིག་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད།
          ད་ཕན་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྔ་རྗེས་སུ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་། སྐྱ་སྤོས་འབྲོག་པ་གཏན་སྡོད། སྲོག་ཆགས་ཀྱི་རིམས་འགོག གནོད་འཚེ་འགོག་སེལ། ཤང་གྲོང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། ནས་ཞིང་སྤུས་ལེགས་རྟེན་གཞི། ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་མ་ལག་སོགས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བ་དང་། 2016ལོར་ཞིང་འབྲོག་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་14.43བཏང་ཡོད།
          2016ལོར། ལྗོངས་ཡོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་25.7རྨོད་པ་དང་རྩྭ་ཐང་མུའུ་ཁྲི་1036ལ་ར་སྐྱོར་བསྐོར་ཡོད། དེང་རབས་ཀྱི་འདེབས་ལས་རིམ་སྤོར་འདུ་འགོད་ལག་ལེན་བསྟར་ནས་འབྲི་གཡག་གི་རྒྱུད་སྤེལ་ར་བ་རྒྱ་སྐྱེད་དང་བོད་ཀྱི་ཡུལ་ལུག་རྒྱུད་སྤེལ་ར་བ་སོགས་རྒྱུད་པ་ལེགས་བཅོས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་ཚད་ལྡན་དཔེ་སྟོན་ར་བ་8དང་། རང་སྐྱོང་ལྗོངས་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་ཚད་ལྡན་དཔེ་སྟོན་ར་བ་4བཤས་ཕྱུགས་དང་བཤས་ལུག་གི་གཞི་ཁྱོན་ཆེ་བའི་གསོ་ཚགས་ཁུལ་66བཅས་བསྐྲུན་པས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་འཕེལ་བ། ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་སོང་ཡོད།
          ཞིང་ཞོར་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་དང་ཞིབ་དཔྱད་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཞིང་འབྲོག་ལས་ཚད་ལྡན་གྱི་ལག་རྩལ་ཨུ་ལྷན་གྱི་ནུས་པ་བཏོན་ཏེ་ཞིང་འབྲོག་ཐོན་རྫས་ཚད་ལྡན་གྱི་ལས་ཀར་སྐུལ་འདེད་ཧུར་ཐག་བཏང་སྟེ་བསྡོམས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་78བཟོས་པ་དང་། སྤྱི་གནོད་མེད་པའི་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་རྟེན་གཞི་22དང་སྤྱི་གནོད་མེད་པའི་ཞིང་ཞོར་ཐོན་རྫས་105གཏན་འཁེལ་བྱས་པ། ལྗང་མདོག་བཟའ་བཅའི་ངོས་འཛིན་ཁས་ལེན་བྱས་པའི་ཐོན་རྫས་12དང་། སྐྱེ་ལྡན་བཟའ་བཅའི་ངོས་འཛིན་ཁས་ལེན་བྱས་པའི་ཐོན་རྫས་8ས་ཁམས་མཚོན་རྟགས་ཀྱི་ངོས་འཛིན་ཁས་ལེན་བྱས་པའི་ཐོན་རྫས་10བཅས་ཡོད་པ་རེད།
          དེ་དང་ཆབས་ཅིག་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འཐེན་བཤེར་བྱེད་རིང་ཚད་ལོན་ཚད་99%ཡན་རྒྱུན་འཁྱོངས་བྱས་པ་དང“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ངོས་འཛིན་ཁས་ལེན་བྱས་པའི་ཐོན་རྫས་འཐེན་བཤེར་བྱེད་རིང་ཚད་ལོན་ཚད་100%ཟིན་ཡོད།
          གཞན་ཡང་བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས“གསོག་ལྕོག་གི་སྦགས་བཙོག”བཅོས་སྒྲིག་དང་། “བཟའ་བཅའི་བློས་འགེལ་འདུ་འགོད”འཛུགས་སྐྲུན། “སྤྱི་གནོད་མེད་པའི་བཟའ་བཅའི་བྱ་སྤྱོད་འཆར་གཞིར”སྐུལ་འདེད་བཏང་བ་མ་ཟད། ཞིང་འབྲོག་ཐོན་རྫས་ཀྱི་ཞིང་སྨན་ལྷག་འཕྲོ་ཚད་ལས་བརྒལ་བ་བཅོས་སྒྲིག་དང་། གཏན་འགོག་སྨན་རྫས་ཆེད་དོན་འཐེན་བཤེར། གཏན་འགོག་དང་ཚོད་འཛིན་བྱས་རིགས་ཀྱི་ཞིང་སྨན་གྱིས་གཙོས་ཞིང་སྨན་ལྷག་འཕྲོ་ཚད་ལས་བརྒལ་ཡོད་མེད་འཐེན་བཤེར་དང་། ཟ་ཁང་དང་ཐབ་ཚང་གི་བེད་མེད་དངོས་པོ་དང“རྫབ་སྣུམ”སྒོ་ཕྱུགས་ལ་སྟེར་བ་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་མང་པོ་རྒྱུན་རྣམ་ཅན་གྱི་ལས་ཀར་གྱུར་པར་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལས་ཀར་ཕན་འབྲས་ཡུན་རིང་ཐོན་པར་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716