
བཟང་མོས་ཕ་ཡུལ་གྱི་གྱོན་ཆས་གྱོན་ནས་གླུ་དབྱངས་ལེན་བཞིན་པ།
སྤྱི་ཟླ་༡༠པའི་ཚེས་༢༩ཉིན་དགོང་དྲོ། གྲགས་ཅན་གྱི་བོད་རིགས་གཞས་མ་བཟང་མོའི་༼ཕ་ཡུལ་དྲན་གླུ སྐྱེས་མའི་གླུ་དབྱངས་༽ཞེས་པའི་གླུ་གཞས་བརྩམས་ཆོས་ཚོགས་འདུ་ལྷ་སར་སྤེལ་ཡོད་པ་རེད། ༼ཕ་ཡུལ་དྲན་གླུ སྐྱེས་མའི་གླུ་དབྱངས་༽ཞེས་པའི་གླུ་གཞས་བརྩམས་ཆོས་ཚོགས་འདུའི་ཐོག་ཁྱོན་ཕ་ཡུལ་དྲན་གླུ་དང་། སྐྱེས་མའི་གླུ་དབྱངས། གཞོན་ནུའི་འགྱུར་ཁུག དྲན་སེམས་ཀྱི་གླུ་དབྱངས་བཅས་ཁག་བཞི་རུ་ཡོད་པ་རེད། ཁོང་གི་བཏང་གནང་བའི་གླུ་གཞས་ནི་ལོ་ངོ་མང་པོའི་རིང་བོད་ལྗོངས་ཆབ་མདོ་དང་མངའ་རིས་ས་ཁུལ་བཅས་སུ་སྐྱོད་ནས་དམངས་ཁྲོད་ཀྱི་གླུ་དབྱངས་འཚོལ་བསྡུ་དང་བསྒྱུར་བཟོ་དེ་བཞིན་ཁོང་རང་ཉིད་ཀྱི་ཚིག་མདངས་བཟོས་པའི་གླུ་གཞས་ཤ་སྟག་ཡིན་པ་རེད།
བཟང་མོ་ནི་གྲགས་ཅན་གྱི་བོད་རིགས་གཞས་མ་ཞིག་དང་། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༥༨ལོར་ཁོང་སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་སྒྱུ་རྩལ་ཚན་ཁག་དང་། ཧྲང་ཧེ་རོལ་དབྱངས་སློབ་གླིང་། ཀྲུང་དབྱང་རོལ་དབྱངས་སློབ་གླིང་སོགས་སུ་སྐད་མདངས་སློབ་སྦྱོང་གནང་མྱོང་བ་དང་། སྤྱི་ལོ་༡༩༩༡ལོ་ནས་ད་བར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་ལས་ཀ་གནང་བཞིན་ཡོད་པ་རེད།